ཨ་རབ་མནའ་འབྲེལ་གྱི་རྩེ་ཚོགས་སོ་ཏི་ཨ་རབ་ནས་བསྡུས་པ་དང་སི་རི་ཡའི་ཙུང་ཐུང་པ་ཧྲ་ཨར་ཚོགས་འདུར་ཞུགས།
2023.05.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་རྩེ་ཚོགས་སྐབས་སོ་གཉིས་པ་ཚེས་བཅུ་དགུ་ཉིན་སོ་ཏི་ཨ་རབ་ཀྱི་ནུབ་ཕྱོགས་མཚོ་ཁའི་གྲོང་ཁྱེར་ཅི་ཏ་ནས་འཚོགས་མགོ་བརྩམས། ཚོགས་འདུར་ཞུགས་པའི་མགོ་ཁྲིད་པས་སི་རི་ཡའི་ཨ་རབ་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཐོབ་ཐང་སླར་གསོ་བྱེད་པར་དགའ་བསུ་ཞུས་པར་མ་ཟད། སི་རི་ཡའི་གནས་བབ་དང་སུའུ་ཏན་གྱི་འཁྲུག་རྩོད། ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན། ཝུའུ་ཁི་ལན་གྱི་ཉེན་ཚབས་སོགས་གནད་དོན་སྐོར་ནས་གྲོས་སྡུར་བྱས།

སི་རི་ཡའི་ཙུང་ཐུང་པ་ཧྲ་ཨར་དུས་ཡུན་ལོ་བཅུ་གཉིས་འགོར་རྗེས་ཡང་བསྐྱར་ཚོགས་འདུར་ཞུགས། སྐབས་འདིའི་རྩེ་ཚོགས་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་འཛིན་མཁན་གྱི་ཞོར་དུ་དབུ་བཞུགས་བློན་ཆེན་གྱི་འགན་ཁུར་མུའུ་ཧན་མོ་ཏི་ཡིས་གཏམ་བཤད་སྐབས་སི་རི་ཡ་ཡང་བསྐྱར་ཨ་རབ་མནའ་འབྲེལ་དུ་ཞུགས་པར་དགའ་བསུ་ཞུས་པ་དང་། དེ་སི་རི་ཡའི་རྒྱལ་ནང་གི་ཉེན་ཚབས་ཐག་གཅོད་པར་ཕན་པ་ཡོད་རྒྱུའི་རེ་སྨོན་ཞུས། དེ་དང་མཉམ་དུ་མུའུ་ཧན་མོ་ཏི་ཡིས་སུའུ་ཏན་གྱི་དམག་འཁྲུག་རྒྱག་པའི་ཕྱོགས་སོ་སོས་གྲོས་མོལ་བྱས་ཏེ་ཉེན་ཚབས་ཐག་གཅོད་རྒྱུ་དང་། ངེས་པ་དོན་གྱིས་དམག་འཁྲུག་མཚམས་འཇོག་པའི་གྲོས་ཆོད་མྱུར་དུ་འགོད་རྒྱུའི་རེ་བ་བཏོན། ཁོས་ད་དུང་ཞི་བའི་སྒོ་ནས་ཝུའུ་ཁི་ལན་གྱི་ཉེན་ཚབས་ཐག་གཅོད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས།

ཨ་རབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་ཨ་པུའུ་ཀའེ་ཐི་ཡིས་གཏམ་བཤད་སྐབས་བཤད་རྒྱུར། སི་རི་ཡ་ཡང་བསྐྱར་ཨ་རབ་མནའ་འབྲེལ་གྱི་ཁོངས་སུ་ལོག་པ་ནི་ཆབ་སྲིད་ཀྱི་ལམ་ནས་སི་རི་ཡའི་ཉེན་ཚབས་ཐག་གཅོད་པར་མེད་དུ་མི་རུང་བའི་གོ་སྐབས་བཟང་བོ་ཡིན་ཟེར། ཀའེ་ཐི་ཡི་ད་དུང་སོ་ཏི་ཨ་རབ་དང་དབྱི་ལང་གིས་འབྲེལ་བ་སླར་གསོ་བྱེད་པའི་གྲོས་ཆོད་བཀོད་པར་དགའ་བསུ་ཞུས་པ་རམ་ཟད། ཨ་རབ་རྒྱལ་ཁབ་དག་གིས་ཐུན་མོང་གི་ཁེ་ཕན་བརྟན་སྲུང་བྱས་ཏེ་འགྲན་སློང་སྣ་ཚོགས་ལ་ཁ་གཏད་འཇལ་རྒྱུའི་འབོད་སྐུལ་བཏང་།

པ་ཧྲ་ཨར་གྱིས་གཏམ་བཤད་སྐབས་བཤད་རྒྱུར། ཨ་རབ་རྒྱལ་ཁབ་ཀྱིས་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཨ་རབ་ཀྱི་ལས་དོན་ལ་ཐེ་གཏོགས་བྱེད་པར་བཀག་འགོག་བྱེད་དགོས་ཟེར། ཁོས་བསྟན་དོན། ཨ་རབ་རྒྱལ་ཁབ་དག་རང་གི་ལས་དོན་ལ་གསར་དུ་འཆར་འགོད་བྱེད་པའི་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་ལ་འཕྲད་ཡོད། ཨ་རབ་རྒྱལ་ཁབ་ནང་ཁུལ་གྱི་འགྲིག་མཐུན་དང་མཉམ་འབྲེལ་འགུལ་སྐྱོད་སྤེལ་བ་ལས་ཚང་མར་རེ་བ་སྔར་ལས་མང་བོ་སྟེར་སྲིད་ཟེར།

ཉིས་སྟོང་བཅུ་གཅིག་ལོར་སི་རི་ཡའི་ཉེན་ཚབས་བྱུང་རྗེས། ཨ་རབ་མནའ་འབྲེལ་གྱིས་སི་རི་ཡའི་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཐོབ་ཐང་བླངས་པ་དང་། ཨ་རབ་རྒྱལ་ཁབ་མང་བོས་སི་རི་ཡ་རུ་སྡོད་པའི་གཞུང་ཚབ་ཁང་གི་སྒོ་བརྒྱབ། ཉེ་བའི་ལོ་འགའི་རིང་ལ་རྒྱལ་ནང་དང་ས་ཁུལ་གྱི་གནས་བབ་ལ་འགྱུར་ལྡོག་བྱུང་བ་དང་བསྟུན་ནས། སི་རི་ཡའི་སྲིད་གཞུང་དང་ཨ་རབ་རྒྱལ་ཁབ་བར་གྱི་འབྲེལ་བ་རིམ་བཞིན་སླར་གསོ་བྱུང་། ཨ་རབ་མནའ་འབྲེལ་གྱིས་ཟླ་འདིའི་ཚེས་བདུན་ཉིན་ཨེ་ཅིབ་ཀྱི་རྒྱལ་ས་ཁའེ་ལོ་ནས་ཕྱི་འབྲེལ་པུའུ་ཀྲང་རིམ་པའི་དམིགས་བསལ་གྲོས་ཚོགས་བསྡུས་ནས། སི་རི་ཡའི་ཨ་རབ་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཐོབ་ཐང་སླར་གསོ་བྱེད་རྒྱུའི་ཐག་བཅད།