མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་ཚབ་གཞོན་པ་ཀུན་ཧྲོང་གིས་ཚེས་བཅོ་བརྒྱད་ཉིན་བཤད་རྒྱུར། ཝུའུ་ཁི་ལན་གྱི་ཉེན་ཚབས་དེར་དམག་དོན་གྱི་ཐག་གཅོད་ཇུས་གཞི་མེད་དེ། གྲོས་མོལ་ནི་ད་གཟོད་ཞི་བདེ་སླར་གསོ་བྱེད་པའི་རྩ་བའི་ཐབས་ལམ་ཡིན། དེང་སྐབས་ཀྱི་གནས་བབ་འོག་ཏུ། ཕྱོགས་སོ་སོས་ལྷག་བསམ་ཆེས་ཆེན་པོ་དང་དགོས་གཏུག་གི་འདུ་ཤེས་ཆེས་ཆེན་པོས་ཆབ་སྲིད་ཀྱི་ལམ་ནས་གནད་དོན་ཐག་གཅོད་པར་སྐུལ་འདེད་བཏང་སྟེ། ཕྱོགས་གཉིས་ཀས་ཡང་བསྐྱར་གྲོས་མོལ་བྱེད་པར་སྣང་ཚུལ་བསྐྲུན་དགོས་པ་དང་། དམག་འཁྲུག་མཚམས་འཇོག་པར་མཐུན་རྐྱེན་བསྐྲུན་དགོས་ཟེར།
ཀུན་ཧྲོང་གིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་སྟེང་ཝུའུ་ཁི་ལན་ལ་མཚོན་ཆ་འདོན་སྤྲོད་བྱེད་པའི་གནད་དོན་ལ་གྲོས་ཞིབ་བྱེད་སྐབས་བཤད་རྒྱུར། གཡུལ་སར་རྒྱུན་མ་ཆད་པར་མཚོན་ཆ་འདོན་སྤྲོད་བྱས་ཚེ་དམག་འཁྲུག་ཚབས་ཇེ་ཆེར་སོང་ནས། མི་སེར་སྔར་ལས་མང་བོ་ཤི་རྨས་བཟོ་བ་དང་། མང་ཚོགས་སྔར་ལས་མང་བོར་འདུག་སའི་ཁྱིམ་མེད་པར་བྱེད་ལ། ཞི་བདེའི་གྲོས་མོལ་གྱི་ཁོར་ཡུག་སྔར་ལས་ཇེ་སྡུག་ཏུ་འགྲོ་བ་དང་། དམག་འཁྲུག་མཚམས་འཇོག་པའི་རེ་བ་ཕྲ་མོ་ཡང་མེད་པར་འགྱུར་ངེས། གཡུལ་སར་རྒྱུན་མ་ཆད་པར་མཚོན་ཆ་འདོན་སྤྲོད་བྱས་ཚེ་མཚོན་ཆའི་རིགས་ཆེས་ཆེར་མཆེད་པའི་ཉེན་ཁ་ཡོད། གལ་ཏེ་མཚོན་ཆ་དེ་དག་འཇིགས་སྐུལ་མི་སྣ་དང་དྲག་ཆས་ཚོགས་པའི་ལག་ཏུ་ཤོར་ཚེ། ས་ཁུལ་སྔར་ལས་མང་བོ་རུ་གསར་དུ་ཟིང་འཁྲུག་འབྱུང་སྲིད་ལ། ཉེས་མེད་མི་སེར་སྔར་ལས་མང་བོའི་ཚེ་སྲོག་འཕྲོག་སྲིད། གཡུལ་སར་རྒྱུན་མ་ཆད་པར་མཚོན་ཆ་འདོན་སྤྲོད་བྱས་ཚེ་དམག་འཁྲུག་རྗེས་ཀྱི་བསྐྱར་འཛུགས་ལ་འགྲན་ཆེན་པོ་སློང་སྲིད། ཨ་ཧྥུའུ་ཧན་དང་དབྱི་རག། སོ་མ་ལེ་སོགས་ས་ཁུལ་གྱི་ཡིད་སྐྱོ་བའི་བསླབ་བྱ་དེ་དག་གིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་དམག་འཁྲུག་གི་ཤུལ་བཞག་མཚོན་ཆ་དང་འགད་རྫས་ཀྱིས་དམག་འཁྲུག་རྗེས་ཀྱི་བསྐྱར་འཛུགས་ཐད་བདེ་འཇགས་ཀྱི་ཉེན་ཁ་བཟོས་ཏེ། ཁུར་བོ་ཇེ་ཆེར་གཏོང་སྲིད་པའི་ཉེན་བརྡ་ཡང་དང་བསྐྱར་དུ་བཏང་ཡོད་ཟེར།
ཀུན་ཧྲོང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་ཝུའུ་ཁི་ལན་གྱི་གནད་དོན་ཐད་ནས་ནམ་ཡང་ཞི་བདེའི་ཕྱོགས་སུ་ལངས་ཡོད་པ་དང་གྲོས་མོལ་བྱེད་པའི་ཕྱོགས་ཀྱི་རྒྱབ་ཏུ་ལངས་ཏེ། ནམ་ཡང་གྲོས་མོལ་ལ་ཡར་སྐུལ་བྱེད་བཞིན་ཡོད། ཀྲུང་གོ་ནི་ཝུའུ་ཁི་ལན་གྱི་ཉེན་ཚབས་བཟོ་མཁན་མིན་པར་མ་ཟད། ཝུའུ་ཁ་ལན་གྱི་ཉེན་ཚབས་ཁྲོད་དུ་ཞུགས་མཁན་ཡང་མིན་ལ། ཝུའུ་ཁི་ལན་ཉེན་ཚབས་ཀྱི་ཕྱོགས་གཉིས་ཀའི་གཅིག་ལ་མཚོན་ཆ་འདོན་སྤྲོད་བྱེད་མཁན་དེ་ལས་ཀྱང་མིན། ཀྲུང་གོ་སྲིད་གཞུང་གིས་ཉེ་སྔོན་ཡོ་རོབ་གླིང་དང་ཨེ་ཤ་ཡའི་ལས་དོན་གྱི་དམིགས་བསལ་འཐུས་མི་ལིས་ཧོས་ཝུའུ་ཁི་ལན་དང་ཕོ་ལན། ཧྥ་རན་སི། འཇར་མན། ཨུ་རུ་སི་བཅས་ལ་འཚམས་འདྲི་བྱེད་པར་མངགས་ནས། སི་རི་ཡའི་གནད་དོན་ཆབ་སྲིད་ཀྱི་ལམ་ནས་ཐག་གཅོད་པའི་སྐོར་ནས་ཕྱོགས་སོ་སོར་འབྲེལ་འདྲིས་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཝུའུ་ཁི་ལན་གྱི་ཉེན་ཚབས་ཐག་གཅོད་པར་འབད་བརྩོན་བྱས་ཏེ། གྲོས་མོལ་ལ་ཡར་སྐུལ་བྱེད་པའི་མཉམ་ཤུགས་ཆེས་ཆེན་པོ་གྲུབ་བྱས་ནས། ཝུའུ་ཁི་ལན་གྱི་ཉེན་ཚབས་སྔ་མོ་ནས་ཆབ་སྲིད་ཀྱི་ལམ་ནས་ཐག་གཅོད་པར་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་འདོན་རྒྱུའི་འབོད་སྐུལ་བཏང་བ་ཡིན་ཟེར།