པད་ཏིན་གྱིས་ཝུའུ་ཁི་ལན་ལ་སྔོན་ཐོན་འཐབ་འཛིང་གནམ་གྲུ་སྟེར་རྒྱུ་ཡིན་ཞེས་བཤད།
2023.05.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 36

ཨ་མེ་རི་ཁའི་ཕོ་བྲང་དཀར་པོའི་མཐོ་རིམ་དཔོན་རིགས་ཀྱིས་ཚེས་བཅོ་དགུ་ཉིན་བཤད་པ་ལྟར་ན། ཨ་མེ་རི་ཁའི་ཙུང་ཐུང་པད་ཏིན་གྱིས་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་མགོ་ཁྲིད་པར་ཨ་མེ་རི་ཁས་ཝུའུ་ཁི་ལན་ལF-16རྟགས་ཅན་སོགས་ཀྱི་སྔོན་ཐོན་འཐབ་འཛིང་གནམ་གྲུ་སྟེར་རྒྱུ་ཡིན་པ་དང་ཝུའུ་ཁི་ལན་ཕྱོགས་ཀྱི་གནམ་གྲུའི་ཁ་ལོ་བ་སྦྱོང་བརྡར་བྱེད་རྒྱུ་ཡིན་ཞེས་བཤད་ཟེར།

སྔོན་ཆད་པད་ཏིན་སོགས་ཨ་མེ་རི་ཁའི་དཔོན་རིགས་ཀྱིས་ཝུའུ་ཁི་ལན་ལF-16རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་སྟེར་བར་མངོན་གསལ་དུ་ངོ་རྒོལ་བྱས་མྱོང་། ཕྱི་རྒྱལ་གྱི་སྨྱན་སྦྱོར་གྱིས་དབྱེ་ཞིབ་བྱས་པ་ལྟར་ན། པད་ཏིན་གྱི་རྣམ་འགྱུར་འགྱུར་བ་དེས་ཨ་མེ་རི་ཁ་ཕྱོགས་ཀྱིས་ལངས་ཕྱོགས་བསྒྱུར་ནས་ཝུའུ་ཁི་ལན་ལ་སྔོན་ཐོན་གྱི་མཚོན་ཆ་སྟེར་རྒྱུ་ཡིན་པ་མཚོན་ཡོད་ཟེར།

ཧྥ་རན་སིའི་གསར་འགྱུར་ཁང་གིས་ཕོ་བྲང་དཀར་པོའི་མཐོ་རིམ་དཔོན་རིགས་ཀྱི་བཤད་པའི་སྐད་ཆ་དྲངས་པ་ལྟར་ན། པད་ཏིན་གྱིས་ཨ་མེ་རི་ཁས་རང་གི་མནའ་གྲོགས་དང་ཟླ་གྲོགས་ཀྱི་འབད་བརྩོན་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་དང་། F-16རྟགས་ཅན་སོགས་ཀྱི་འཐབ་འཛིང་གནམ་གྲུ་སྟེར་རྒྱུ་མ་ཟད་ཝུའུ་ཁི་ལན་གྱི་གནམ་གྲུའི་ཁ་ལོ་བ་སྦྱོང་བརྡར་བྱས་ཏེ། ཝུའུ་ཁི་ལན་གྱི་མཁའ་དམག་གི་ནུས་པ་སྔར་ལས་ཇེ་ཆེར་གཏོང་རྒྱུ་ཡིན་ཞེས་བཤད་ཟེར།

པད་ཏིན་གྱིས་བཤད་རྒྱུར། སྦྱོར་བརྡར་གྱི་བྱ་བ་རྗེས་ཕྱོགས་ཀྱི་ཟླ་འགའི་རིང་བསྒྲུབ་རྒྱུ་ཡིན་པ་དང་། ང་ཚོ་བྱ་བ་འདིའི་ཁྲོད་ཞུགས་པའི་རྒྱལ་ཁབ་མནའ་འབྲེལ་གྱིས་ནམ་ཞིག་ལ་འཐབ་འཛིང་གནམ་གྲུ་སྟེར་བ་དང་། འཐབ་འཛིང་གནམ་གྲུ་ཅི་ཙམ་སྟེར་བ། རྒྱལ་ཁབ་གང་གིས་སྟེར་བ་སོགས་ལ་ཐག་གཅོད་བྱེད་རྒྱུ་ཡིན་ཟེར།

ན་ནིང་གི་ཟླ་གཉིས་པར་ཝུའུ་ཁི་ལན་གྱི་ཉེན་ཚབས་ཚབས་ཇེ་ཆེར་སོང་རྗེས། ཨ་མེ་རི་ཁ་སོགས་ནུབ་ཀྱི་རྒྱ་མཚོ་ཆེན་མོ་བྱང་མའི་སྤྱི་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དང་དེའི་མནའ་གྲོགས་ཀྱིས་ཝུའུ་ཁི་ལན་ལ་མཚོན་ཆའི་ཐད་ནས་རོགས་སྐྱོར་བྱས། ཝུའུ་ཁི་ལན་སྲིད་གཞུང་གིས་ཉེ་སྔོན་བྱང་ཆིངས་རྒྱལ་ཁབ་ཀྱིས་ཝུའུ་ཁི་ལན་ལF-16རྟགས་ཅན་གྱི་འཐབ་འཛིང་གྨ་གྲུ་སྟེར་རྒྱུའི་འབོད་སྐུལ་བཏང་ན་ཡང་། ཨ་མེ་རི་ཁའི་དོན་དག་དེ་ཁས་བླངས་མ་མྱོང་།

ཨུ་རུ་སི་ཕྱོགས་ཀྱིས་བཤད་རྒྱུར། ནུབ་ཕྱོགས་ཀྱིས་ཝུའུ་ཁི་ལན་ལ་རྒྱུན་མ་ཆད་པར་མཚོན་ཆ་འདོན་སྤྲོད་བྱེད་བཞིན་ཡོད་ལ། ཨུ་རུ་སི་ཕྱོགས་ཀྱིས་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ལ་འབྲེལ་འདྲིས་བྱས་ཏེ། དེ་དག་གིས་ཝུའུ་ཁི་ལན་ལ་མཚོན་ཆ་འདོན་སྤྲོད་བྱེད་པར་མ་དགའ་བའི་ཚུལ་བསྟན་ཡོད་ཟེར། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཀྲང་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཉེ་སྔོན་བཤད་རྒྱུར། ཨ་མེ་རི་ཁ་དང་བྱང་ཆིངས་རྩ་འཛུགས་ཐད་ཀར་དུ་ཝུའུ་ཁི་ལན་གྱི་དམག་འཁྲུག་ཁྲོད་ཞུགས་ཏེ་ཝུའུ་ཁི་ལན་ལ་མཚོན་ཆ་འདོན་སྤྲོད་བྱས་པར་མ་ཟད། ད་དུང་དབྱིན་ཇི་དང་འཇར་མན། དབྱི་ཐ་ལི་བཅས་དང་རྒྱལ་ཁབ་གཞན་པའི་མངའ་ཁོངས་ནས་ཝུའུ་ཁི་ལན་གྱི་དམག་མི་གསོ་སྦྱོང་བྱེད་བཞིན་འདུག་ཟེར།