འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་སྐབས་དོན་དྲུག་པ་རི་ནེ་ཝ་ནས་འཚོགས་མགོ་བརྩམས།
2023.05.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 52

འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་སྐབས་དོན་དྲུག་པ་ཚེས་ཉེར་གཅིག་ཉིན་སུའེ་ཙེར་རྒྱལ་ཁབ་ཀྱི་རི་ནེ་ཝ་ནས་འཚོགས་མགོ་བརྩམས། ཐེངས་འདིའི་ཚོགས་ཆེན་གྱི་བརྗོད་དོན་ནི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་བཙུགས་ཏེ་ལོ་འཁོར་དོན་ལྔ་ལོན་པ་སྟེ། ཚེ་སྲོག་བསྐྱབས་པ་དང་མི་རེ་རེའི་བདེ་ཐང་ལ་སྐུལ་འདེད་བཏང་བ་ཞེས་པ་དེ་རེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ཡིས་ཚོགས་ཆེན་མགོ་རྩོམ་པའི་མཛད་སྒོའི་སྟེང་བརྙན་རིས་གཏམ་བཤད་སྤེལ་ནས། ལོ་དོན་ལྔའི་སྔོན་ལ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་བཙུགས་པའི་ཚུན་ལ། མིའི་རིགས་ཀྱི་བདེ་ཐང་ཐད་གོང་འཕེལ་ཆེན་པོ་བླངས་ཡོད། འཛམ་གླིང་ཧྲིལ་པོའི་མིའི་ཚེ་ཚད་བརྒྱ་ཆའི་ལྔ་བཅུའི་ཡན་ཇེ་རིང་དུ་སོང་བ་དང་། ཕྲུ་གུ་འདས་ཚད་ཉེ་བའི་ལོ་སུམ་ཆུའི་ནང་བརྒྱ་ཆའི་དྲུག་ཅུ་ཇེ་དམའ་རུ་སོང་ལ། གཉན་འབྲུམ་གྱི་ནད་རྩ་བ་ནས་མེད་པར་བཏང་། འོན་ཀྱང་དེ་དང་མཉམ་དུ། དམག་འཁྲུག་དང་འཁྲུག་རྩོད་ཀྱིས་མི་ས་ཡ་མང་བོར་འཇིགས་སྣང་ཐེབས་ཡོད་པ་དང་། མི་དུང་ཕྱུར་བཅུ་ཕྲག་གི་བདེ་ཐང་ལ་ནམ་ཟླའི་ཉེན་ཚབས་ཀྱི་འཇིགས་སྣང་ཐེབས་བཞིན་ཡོད་པ་དང་། པྲོག་གསར་རིམས་ནད་ཀྱིས་འཛམ་གླིང་ཡོངས་ཀྱི་སྤྱི་ཐུན་འཕྲོད་བསྟེན་གྱི་གོང་འཕེལ་ལ་བར་ཆད་ཆེན་པོ་བཟོས་ཡོད་ཅེས་བཤད།

ཀུའུ་ཐི་ལེ་སི་ཡིས་བཤད་རྒྱུར། འདས་པའི་ལོ་བཅུ་ལྷག་གི་རིང་ལ་བླངས་པའི་གྲུབ་འབྲས་ཆེན་པོ་དེར་བསླད་སྐྱོན་ཐེབས་ཉེན་ཆེ་བར་མ་ཟད། རྒྱུན་སྲིང་འཕེལ་རྒྱས་ཀྱི་དམིགས་འབེན་ཡང་ཕྱིར་སྣུར་བྱེད་སྲིད། ཡིན་ནའང་སྣང་ཚུལ་དེ་བཟློག་མི་ཐུབ་པ་ཞིག་མིན་ཏེ། ཆ་རྐྱེན་ནི་འཛམ་གླིང་གིས་མཉམ་དུ་འབད་བརྩོན་བྱེད་རྒྱུ་དེ་ཡིན་ཟེར། ཁོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མུ་མཐུད་དུ་མཉམ་ལས་ལ་ཤུགས་བསྣན་ནས། རྒྱུན་སྲིང་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པའི་འཕེལ་རིམ་ལ་མཉམ་དུ་སྐུལ་འདེད་བཏང་སྟེ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་མི་ཚང་མས་ཚད་གཞི་ཆེས་མཐོ་བའི་བདེ་ཐང་ལོངས་སུ་སྤྱོད་པའི་དམིགས་འབེན་མངོན་འགྱུར་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུའི་འབོད་སྐུལ་བཏང་།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱིའི་ལས་སྣ་ཐན་ཏི་སའེ་ཡིས་གཏམ་བཤད་སྐབས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ལོ་དོན་ལྔའི་རིང་བླངས་པའི་གྲུབ་འབྲས་ཆེན་པོ་སྤྱི་སྡོམ་བྱས། ཁོས་བཤད་རྒྱུར། འདས་པའི་ལོ་ཉི་ཤུའི་ནང་དུ་འཛམ་གླིང་གིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་བཅངས་པའི་རེ་བ་ཇེ་ཆེ་ནས་ཇེ་ཆེ་ཡིན་མོད། ཡིན་ནའང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཐོན་ཁུངས་ཇེ་མང་དུ་སོང་མེད་པ་དང་མཉམ་དུ། དཀའ་ཚེགས་དང་རྙོག་འཛིང་ཆེ་བའི་འགྲན་སློང་དང་འཕྲད་ཡོད། མདུན་ལམ་ཅི་ཙམ་ཀྱག་ཀྱོག་ཆེ་ནའང་། དམིགས་འབེན་རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས་ཏེ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་མི་ཚང་མའི་བདེ་ཐང་གི་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་ཅི་ཐུབ་བྱ་རྒྱུ་ཡིན་ཟེར།

འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ནི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཆེས་མཐོ་བའི་ཇུས་གཅོད་སྒྲིག་གཞི་ཡིན་ལ། རྒྱུན་ལྡན་ལྟར་ན་ལོ་རེའི་ཟླ་ལྔ་པར་རི་ནེ་ཝ་ནས་གྲོས་ཚོགས་བསྡུ་བ་ཡིན། ཚོགས་ཆེན་གྱི་འགན་ནུས་གཙོ་བོ་ནི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྲིད་ཇུས་ཐག་གཅོད་རྒྱུ་དང་། སྔོན་རྩིས་ཇུས་གཞི་ལ་ཞིབ་བཤེར་བྱེད་པ་དང་ཆོག་མཆན་འགོད་རྒྱུ་སོགས་རེད།