ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་ཉེར་གཅིག་ཉིན་གསར་འགྱུར་སྤེལ་ནས། ཨུ་རུ་སི་ཕྱོགས་ཀྱིས་ཏོན་ཉི་ཚིས་ཁི་ས་ཁུལ་གྱི་གྲོང་ཁྱེར་གཙོ་བོ་ཨར་ཆའོ་མོ་ཧྥུའུ་སི་ཁི་ཡོངས་སུ་བཟུང་ཡོད་ཟེར། ཝུའུ་ཁི་ལན་ཕྱོགས་ཀྱིས་ཉིན་དེར་ཨུ་རུ་སི་ཕྱོགས་ཀྱི་བཤད་ཚུལ་དེ་ཁས་མ་བླངས།
ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཉིན་དེའི་སྐྱ་རེངས་ཀྱི་དུས་སུ་སྤྱི་འབྲེལ་སྨྱན་སྦྱོར་གློག་འཕྲིན་ཞེས་པ་བརྒྱུད་དེ་བཤད་རྒྱུར། ཨུ་རུ་སིའི་དམག་དོན་སྟོབས་ཤུགས་ཀྱིས་ཨུ་རུ་སིའི་སྒྱོགས་དམག་དང་མཁའ་དམག་གི་གཞོགས་འདེགས་འོག་ཏུ། ཨར་ཆའོ་མོ་ཧྥུའུ་སི་ཁི་ཡོངས་སུ་བཟུང་ཡོད་ཟེར།
ཨུ་རུ་སི་ཕྱོགས་ཀྱི་བཤད་ཚུལ་དེའི་སྐོར་ནས། ཝུའུ་ཁི་ལན་རྒྱལ་སྲུང་པུའུ་ཡི་པུའུ་ཀྲང་གཞོན་པ་ཨན་ནཱ་མ་ལེ་ཡར་གྱིས་ལན་བཏབ་ནས་བཤད་རྒྱུར། ཝུའུ་ཁི་ལན་དང་ཨུ་རུ་སིའི་དམག་དཔུང་གིས་པ་ཧི་མུའུ་ཐི་ནས་སྔར་བཞིན་མུ་མཐུད་དུ་དམག་འཁྲུག་དྲག་པོ་རྒྱག་བཞིན་ཡོད་པ་དང་། ཝུའུ་ཁི་ལན་གྱི་དམག་གིས་ད་དུང་སྔར་བཞིན་དུ་པ་ཧི་མུའུ་ཐིའི་སྒྲིག་ཆས་ཁ་ཤས་བདག་ཏུ་བཟུང་ཡོད་ཟེར།
ཝུའུ་ཁི་ལན་གྱིས་བཤད་པའི་པ་ཧི་མུའུ་ཐི་དང་ཨུ་རུ་སིས་བཤད་པའི་ཨར་ཆའོ་མོ་ཧྥུའུ་སི་ཁི་གཉིས་ནི་མིང་མི་འདྲ་བ་མ་གཏོགས་ས་ཆ་གཅིག་རེད།
པ་ཧི་མུའུ་ཐི་ནི་ཏོན་ཉི་ཚིས་ཁི་ས་ཁུལ་གྱི་བྱང་ཕྱོགས་སུ་ཡོད་པ་དང་། ཝུའུ་ཁི་ལན་གྱི་དམག་དཔུང་གིས་དངོས་རྫས་སྐྱེལ་འདྲེན་གྱི་ལྟེ་གནས་དང་ཝུའུ་ཁི་ལན་དམག་དཔུང་གི་གཡུལ་ས་གཙོ་བོ་རེད། ཉིས་སྟོང་ཉེར་གཉིས་ལོའི་ཟླ་བརྒྱད་པ་ནས་བཟུང་ཨུ་རུ་སི་དང་ཝུའུ་ཁི་ལན་ཕྱོགས་གཉིས་ཀྱིས་དམག་འཁྲུག་དྲག་པོ་བརྒྱབ་སྟེ་ས་དེ་འཕྲོད་རྩོད་བྱས་པ་རེད།