ཞིན་ཧྭ་གསར་འགྱུར་ཁང་གིས་ཝ་ཧྲིན་ཏོན་དང་ལེ་ཡ་ཏི། ཁ་ཐུའུ་མུའུ་བཅས་སུ་ཡོད་པའི་གསར་འགོད་པས་བསྒྲགས་པའི་གནས་ཚུལ་ལྟར་ན། སུའུ་ཏན་གྱི་དྲག་ཆས་དམག་དཔུང་དང་འཕྲལ་རྒོལ་རྒྱབ་རོགས་དམག་དཔུང་གི་འཐུས་མིས་ཚེས་ཉི་ཤུ་ཉིན་སོ་ཏི་ཨ་རབ་རྒྱལ་ཁབ་ཀྱི་མཚོ་དམར་གྱི་གྲུ་ཁའི་གྲོང་ཁྱེར་ཅི་ཏ་ནས་གྲོས་ཆོད་བཀོད་དེ། དུས་ཡུན་ཐུང་ངུར་དམག་འཁྲུག་མཚམས་འཇོག་རྒྱུར་འཐད་པ་བྱུང་བར་མ་ཟད་མི་ཆོས་རིང་ལུགས་ཀྱི་འགུལ་སྐྱོད་ཐད་བཀོད་སྒྲིག་བྱས་ཟེར།
བསྒྲགས་པའི་གནས་ཚུལ་ལྟར་ན། གྲོས་ཆོད་དེ་ནི་ཨ་མེ་རི་ཁ་དང་སོ་ཏི་ཨ་རབ་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གི་བར་འདུམ་འོག་ཏུ་བཀོད་པ་དང་། གྲོས་ཆོད་དེ་བཀོད་ནས་དུས་ཚོད་ཞེ་བརྒྱད་ཀྱི་རྗེས་སུ་དུས་ཡུན་ཉིན་བདུན་གྱི་རིང་ལ་དམག་འཁྲུག་མཚམས་རྒྱུ་ཡིན་པ་དང་། ཕྱོགས་གཉིས་ཀ་གྲོས་མཐུན་བྱུང་ཚེ་དམག་འཁྲུག་མཚམས་འཇོག་པའི་དུས་ཡུན་ད་དུང་ཇེ་རིང་དུ་བཏང་ཆོག དམག་འཁྲུག་མཚམས་འཇོག་པའི་སྐབས་སུ། ཕྱོགས་གཉིས་ཀ་གཞི་རྩའི་འཚོ་བའི་ཞབས་ཞུ་སླར་གསོ་བྱེད་རྒྱུ་མ་ཟད་སྨན་ཁང་དང་སྤྱི་ཐུན་སྒྲིག་ཆས་གལ་ཆེན་ཡོད་ས་ནས་དམག་དཔུང་ཕྱིར་འཐེན་བྱས་ཏེ། མི་ཆོས་རིང་ལུགས་ཀྱི་མི་སྣ་དང་ཚོང་རྫས་བདེ་འཇགས་ངང་འཁོར་སྐྱོད་བྱེད་པར་གཞོགས་འདེགས་བྱ་རྒྱུ་དང་། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་བཀག་རྒྱ་དང་བྲལ་ནས་སུའུ་ཏན་མངའ་ཁོངས་སུ་སྐྱེལ་རྒྱུ་མ་ཟད་དགོས་མཁོ་ཆེ་བའི་མི་ཚོགས་ལ་སྟེར་དུ་འཇུག་རྒྱུར་འཐད་པ་བྱུང་། གྲོས་ཆོད་དེ་ཨ་མེ་རི་ཁ་དང་སོ་ཏི་ཨ་རབ། རྒྱལ་སྤྱིའི་སྤྱི་ཚོགས་བཅས་ཀྱི་ལྟ་སྐུལ་འོག་ཏུ་ལག་བསྟར་བྱ་རྒྱུ་རེད་ཟེར།
སུའུ་ཏན་གྱི་སྨྱན་སྦྱོར་གྱིས་བསྒྲགས་པ་ལྟར་ན། ས་དེའི་དུས་ཚོད་ཚེས་ཉེར་གཅིག་ཉིན་གྱི་སྔ་དྲོར་རྒྱལ་ས་ཁ་ཐུའུ་མུའུ་ཡི་གནས་བབ་ཕལ་ཆེར་ལྷིང་འཇགས་ཡིན་པ་དང་། སྡོད་དམངས་ཀྱིས་མེ་མདའ་དང་མེ་སྒྱོགས་ཀྱི་སྒྲ་གོ་མ་སོང་ཟེར།
ཟླ་བཞི་པའི་ཚེས་བཅོ་ལྔ་ཉིན་གྱི་ཚུན་ལ། སུའུ་ཏན་གྱི་དྲག་ཆས་དམག་དཔུང་དང་འཕྲལ་རྒོལ་རྒྱབ་རོགས་དམག་དཔུང་གིས་རྒྱལ་ས་ཁ་ཐུའུ་མུའུ་དང་ས་ཁུལ་གཞན་པར་དམག་འཁྲུག་དྲག་པོ་བརྒྱབ་པ་དང་། ཕྱོགས་གཉིས་ཀྱིས་ཕ་རོལ་བས་དམག་འཁྲུག་བསླངས་སོང་ཞེས་ཕན་ཚུན་ལ་སྐྱོན་བརྗོད་བྱས། ཕྱོགས་གཉིས་ཀྱི་འཐུས་མིས་ཟླ་ལྔ་པའི་ཚེས་དྲུག་ཉིན་ཅི་ཏ་ནས་གྲོས་མོལ་བྱེད་མགོ་བརྩམས་ཏེ། སུའུ་ཏན་དུ་མི་ཆོས་རིང་ལུགས་ལག་བསྟར་བྱས་ཏེ་དམག་འཁྲུག་མཚམས་འཇོག་པ་སོགས་ཀྱི་གྲོས་གཞི་ལ་གྲོས་སྡུར་བྱས། ཟླ་ལྔ་པའི་ཚེས་བཅུ་གཅིག་ཉིན་ཕྱོགས་གཉིས་ཀྱིས་ཐོག་མའི་རྩ་དོན་རང་བཞིན་གྱི་གྲོས་ཆོད་བཀོད་དེ། སྔོན་ལ་དུས་ཡུན་ཐུང་ངུར་དམག་འཁྲུག་མཚམས་འཇོག་རྒྱུའི་སྐོར་ནས་གྲོས་སྡུར་བྱས་ཏེ། མི་ཆོས་རོགས་སྐྱོར་དངོས་རྫས་སྐྱེལ་འདྲེན་བྱེད་པར་སྟབས་བདེ་བཟོ་བ་སོགས་ལ་འཐད་པ་བྱུང་།