དབྱི་སི་རལ་གྱི་རྒྱལ་ཁབ་བདེ་འཇགས་པུའུ་ཀྲང་ཡང་བསྐྱར་གནས་མཆོག་རིར་སོང་བ་ལ་ཕ་ལེ་སི་ཐན་ཕྱོགས་ཀྱིས་རྒོལ་གཏམ་བཏང་།
2023.05.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 35

དབྱི་སི་རལ་གྱི་རྒྱལ་ཁབ་བདེ་འཇགས་པུའུ་ཀྲང་པིན་ཀི་ཝེ་ཨར་ཚེས་ཉེར་གཅིག་ཉིན་ཉེན་རྟོག་པའི་འགྲོ་རོགས་འོག་ཏུ་ཡེ་ལུའུ་ས་ལུན་མཁར་རྙིང་གི་གནས་མཆོག་རིར་སོང་ལ། དེ་ནི་ཁོ་ད་ལོར་རྩོད་གཞི་ཆེ་བའི་ས་ཁུལ་དེར་འགྲོ་ཐེངས་གཉིས་པ་ཡིན་པ་དང་། ཕ་ལེ་སི་ཐན་ཕྱོགས་ཀྱིས་ཡང་བསྐྱར་དེར་རྒོལ་གཏམ་བཏང་།

པིན་ཀི་ཝེ་ཨར་གྱིས་ཉིན་དེའི་སྐྱ་རེངས་ཀྱི་དུས་སུ་གསལ་བསྒྲགས་སྤེལ་ནས། ཕ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧ་མ་སི་ཡི་འཇིགས་སྐུལ་གྱིས་ང་ཚོ་འགོག་ཐབས་མེད། ང་གནས་མཆོག་རིར་སོང་བ་ཡིན་ཞེས་བཤད།

དབྱི་སི་རལ་གྱི་སྨྱན་སྦྱོར་གྱིས་བསྒྲགས་པ་ལྟར་ན། ཡ་ཧུ་ད་པ་སྟོང་ཕྲག་ལྷག་ཚེས་བཅོ་བརྒྱད་ཉིན་གྱི་ཡེ་ལུའུ་ས་ལུན་ཉིན་མོ་ཞེས་པའི་ཁྲོམ་སྐོར་བྱེད་སྒོའི་ཁྲོད་དུ་གནས་མཆོག་རིར་སོང་བ་དང་། དེའི་ནང་དུ་སྐབས་འདིའི་དབྱི་སི་རལ་གྲོས་ཁང་གི་གཡས་རུ་ཕྱོགས་ཁག་གི་གྲོས་མི་འགའ་ཡོད་མོད། དེའི་ནང་དུ་པིན་ཀི་ཝེ་ཨར་མེད་ཟེར།

ཕ་ལེ་སི་ཐན་དཔོན་ཕྱོགས་ཀྱི་གསར་འགྱུར་ཁང་ཝ་ཧྥ་ཞེས་པ་དེས་ཚེས་ཉེར་གཅིག་ཉིན་ཕ་ལེ་སི་ཐན་ཙུང་ཐུང་བཞུགས་ཤག་གི་མགྲིན་ཚབ་པ་ལུའུ་ཏའེ་ནའེ་ཡིས་སྤེལ་བའི་གསལ་བསྒྲགས་དྲངས་ནས་བཤད་རྒྱུར། པིན་ཀི་ཝེ་ཨར་གྱི་མངོན་སུམ་འཛེམ་མེད་དུ་བསྙད་རྐོ་བའི་བྱ་སྤྱོད་དེར་ཕ་ལེ་སི་ཐན་ཕྱོགས་ཀྱིས་རྒོལ་གཏམ་དྲག་པོ་བཏང་བ་ཡིན་ལ། ཉེན་ཁའི་བྱ་སྤྱོད་དེས་མཇུག་འབྲས་ངན་པ་ཁོ་ན་བཟོ་ངེས། ཕ་ལེ་སི་ཐན་ཕྱོགས་ཀྱིས་དོན་དག་དེའི་སྐོར་ལ་མུ་མཐུད་དུ་དོ་སྣང་ཟབ་མོ་བྱ་རྒྱུ་ཡིན་ཟེར།

གཡས་རུའི་སྲིད་ཏང་ཡ་ཧུ་ད་པའི་སྟོབས་ཤུགས་ཏང་གི་མགོ་ཁྲིད་པ་ཡིན་པའི་ཆ་ནས། པིན་ཀི་ཝེ་ཨར་ཐེངས་མང་བོར་གྲོས་མིའི་ཐོབ་ཐང་གི་ངོས་ནས་གནས་མཆོག་རིར་སོང་མྱོང་། ད་ལོའི་ཟླ་དང་པོའི་ཚེས་གསུམ་ཉིན། ཁོ་ཐོག་དང་བོར་སྲིད་གཞུང་གིས་གསར་དུ་བཙུགས་པའི་རྒྱལ་ཁབ་བདེ་འཇགས་པུའུ་ཡི་པུའུ་ཀྲང་གི་ཐོབ་ཐང་ངོས་ནས་རྩོད་གཞི་ཆེ་བའི་ས་ཁུལ་དེར་སོང་བ་རེད།

ཡེ་ལུའུ་ས་ལུན་མཁར་རྙིང་དུ་ཡོད་པའི་གནས་མཆོག་རི་ནི་ཡ་ཧུ་དའི་ཆོས་ལུགས་དང་དབྱི་སི་ལན་ཆོས་ལུགས་གཉིས་ཀའི་གནས་མཆོག་ཡིན་ལ། དུས་ཡུན་རིང་བོར་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་རྩོད་གཞི་ཆེན་པོ་རུ་གྱུར་ཡོད། དབྱི་སི་རལ་གྱིས་གཅིག་སྟོང་དགུ་བརྒྱ་རེ་བདུན་ལོའི་དབུས་ཤར་དམག་འཁྲུག་ཐེངས་གསུམ་པའི་ཁྲོད་དུ་ཅོར་ཏན་གྱི་ལག་ནས་ཡེ་ལུའུ་ས་ལུན་མཁར་རྙིང་འཕྲོག་པ་རེད། ཅོར་ཏན་དང་དབྱི་སི་རལ་རྒྱལ་ཁབ་གཉིས་བར་དུ་བཀོད་པའི་གྲོས་མཐུན་ལྟར་ན། གནས་མཆོག་རིའི་དོ་དམ་དབང་ཆ་ཅོར་ཏན་གཏོགས་མོད། འོན་ཀྱང་བདེ་སྲུང་དབང་ཆ་དབྱི་སི་རལ་གྱི་ཉེན་རྟོག་ཕྱོགས་ལ་གཏོགས།