ཨུ་རུ་སིའི་པེ་ཨར་ལོ་ཏི་མངའ་སྡེའི་འགོ་དཔོན་ཀི་ལ་ཏི་ཁུ་ཧྥུ་ཡིས་ཚེས་ཉེར་གཉིས་ཉིན་བཤད་རྒྱུར། ཝུའུ་ཁུ་ལན་གྱི་དྲག་ཆས་དམག་དཔུང་ཁོ་ཚོའི་མངའ་སྡེ་རུ་འཛུལ་བྱུང་ཟེར། ཝུའུ་ཁུ་ལན་གྱི་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཉིན་དེར་ཝུའུ་ཁུ་ལན་རྒྱལ་སྲུང་པུའུ་གསང་འཕྲིན་ཅུའུ་ཡི་གཏམ་བཤད་པ་ཨན་ཏུ་ལེ་ཡུག་སོ་ཧྥུ་ཡི་སྐད་ཆ་བསྒྲགས་ནས། གོང་གསལ་བྱ་འགུལ་དེ་ཨུ་རུ་སིར་རྒོལ་བའི་དྲག་ཆས་ཀྱི་བྱ་སྤྱོད་རེད། ཝུའུ་ཁུ་ལན་དང་འབྲེལ་བ་མེད་ཟེར།
ཀི་ལ་ཏི་ཁུ་ཧྥུ་ཡིས་ཉིན་དེར་སྤྱི་འབྲེལ་སྨྱན་བྱད་སྟེང་དུ་རྩོམ་ཡིག་སྤེལ་ནས་བཤད་རྒྱུར། ཝུའུ་ཁུ་ལན་གྱི་དྲག་ཆས་དམག་དཔུང་མངའ་སྡེ་དེའི་ཀི་ལེ་བོ་ལུང་ཁུལ་དུ་འཛུལ་ནས། ས་ཁུལ་དེར་མེ་སྒྱོགས་འཕངས་ཤིང་། མིག་སྔར་མི་ལྔ་ལ་རྨས་སྐྱོན་བཟོས་འདུག ཨུ་རུ་སི་ཕྱོགས་ཀྱིས་བྱེད་ཐབས་སྤྱད་ནས་སྐོར་བཅོམ་གཙང་སེལ་བྱེད་ཀྱིན་ཡོད་ཟེར།
ཨུ་རུ་སིའི་ཙུང་ཐུང་གསར་འགྱུར་དྲུང་ཡིག་ཕེ་སི་ཁུ་ཧྥུ་ཡིས་ཉིན་དེར་བདེན་ཐག་བཅད་ནས། ཙུང་ཐུང་ཕུའུ་ཅིན་ལ་གནས་ཚུལ་དེ་ཤེས་སུ་བཅུག་འདུག ཕེ་སི་ཁུ་ཧྥུ་ཡིས་ནན་གྱིས་བཤད་རྒྱུར། ཝུའུ་ཁུ་ལན་གྱིས་གཏོར་བརླག་གི་འགུལ་བསྐྱོད་སྤྱད་ནས། མི་ཚང་མས་པཱ་ཧི་མུའུ་ཐི་ཡི་གནས་བབ་ལ་དོ་སྣང་དང་མཉམ་འཇོག་བྱེད་པའི་རྣམ་པ་སྒྱུར་འདོད་པ་རེད། ཨུ་རུ་སི་ཕྱོགས་ལ་གཏོར་བརླག་བྱེད་མཁན་དེ་དག་ལ་རྡུང་རྡེག་བྱེད་པའི་ནུས་པ་དང་ཐབས་ཤེས་འཛོམས་པོ་ཡོད་ཟེར།
ཡུག་སོ་ཧྥུ་ཡིས་བསྟན་དོན། ཨུ་རུ་སིར་རྒོལ་བའི་དྲག་ཆས་རུ་དཔུང་གིས་པེ་ཨར་ཀི་ལོ་མངའ་སྡེ་རུ་དམག་དོན་འགུལ་བསྐྱོད་སྤེལ་པ་ནི་ཝུའུ་ཁུ་ལན་གྱི་མང་ཚོགས་ཀྱི་བདེ་འཇགས་ཁུལ་ལ་སྲུང་སྐྱོབ་བྱེད་པ་དང་། ཝུའུ་ཁུ་ལན་གྱི་མི་དམངས་ལ་འཇབ་རྒོལ་ཐེབས་པར་སྲུང་སྐྱོབ་བྱ་ཆེད་དུ་ཡིན་ཟེར། ཁོས་འགུལ་བསྐྱོད་དེ་ཝུའུ་ཁུ་ལན་དང་འབྲེལ་བ་མེད་པ་དང་། འགུལ་བསྐྱོད་ཁྲོད་དུ་ཉིན་དེར་ཨུ་རུ་སི་རང་གི་མི་ཞུགས་ཡོད་པའི་གནས་ཚུལ་བཤད།
སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།