མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་སྲིད་གཞུང་དང་ཁེ་ལས་ཀྱིས་རྒྱུན་བསྲིང་ཆོག་པའི་མ་འོངས་ཐད་བློ་རྩ་བརྟན་པོ་དང་སྙིང་སྟོབས་ཆེན་པོས་འབད་འཐབ་བྱེད་རྒྱུའི་འབོད་སྐུལ་བཏང་།
2023.05.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

ཟླ་ལྔ་པའི་ཚེས་ཉེར་གཉིས་ཉིན་ནི་རྒྱལ་སྤྱིའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཉིན་མོ་ཡིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ཡིས་ཉིན་དེར་བརྙན་རིས་ཀྱི་ལམ་ནས་ཤིས་ཚིག་ཕུལ་ནས། རྒྱལ་ཁབ་སོ་སོའི་སྲིད་གཞུང་དང་ཁེ་ལས་ཀྱིས་ཁ་དན་ཚིག་གནས་བྱེད་པ་དང་། བློ་རྩ་བརྟན་པོ་དང་སྙིང་སྟོབས་ཆེན་པོས་བྱ་བ་བསྒྲུབ་ནས། རྒྱུན་བསྲིང་ཆོག་པའི་མ་འོངས་པ་འཛུགས་སྐྲུན་བྱེད་ཆེད་འབད་འཐབ་བྱེད་རྒྱུའི་འབོད་སྐུལ་བཏང་།

ཀུའུ་ཐི་ལེ་སི་ཡིས་བཤད་རྒྱུར། ན་ནིང་གྲོས་འཆམ་བྱུང་བའི་ཁུན་མིན་མིན་ཐི་ལེ་ཨེར་འཛམ་གླིང་ཡོངས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྒྲོམ་གཞི་དེས་ང་ཚོ་གོམ་སྟབས་གཙོ་བོ་བསྒྱུར་བ་མཚོན་པ་དང་། ད་ལྟ་ནི་གྲོས་མཐུན་ལག་ལེན་དུ་བསྒྱུར་བའི་དུས་ཚོད་ཡིན་ཟེར། ཁོས་བཤད་རྒྱུར། དེས་རྒྱུན་བསྲིང་རང་བཞིན་གྱི་ཐོན་སྐྱེད་དང་འཛད་སྤྱོད་མ་དཔེ་ཁག་ཐེག་བྱེད་ན། ཁ་གསབ་དེ་རང་བྱུང་ལ་གཏོར་བརླག་བྱེད་པའི་བྱ་འགུལ་ནས་ལྗང་མདོག་ཐག་གཅོད་ཀྱི་ཇུས་གཞི་བསྒྱུར་བ་མཚོན། ས་དེའི་སྡོད་དམངས་དང་ས་གནས་གཞིས་ཁུལ་གྱི་དབང་ཆར་ཁས་ལེན་བྱེད་དོན་ནི། ཁོ་ཚོ་འཛམ་གླིང་གི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཆེས་ནུས་ཤུགས་ལྡན་པའི་སྲུང་སྐྱོབ་པ་ཡིན་པའི་རྐྱེན་ཡིན་པ་དང་། སྲིད་གཞུང་དང་ཁེ་ལས་ཀྱིས་སྔར་ལས་ཤུགས་ལྡན་པའི་འགུལ་སྐྱོད་སྤེལ་ནས། སྐྱེ་དངོས་སྣ་མང་རང་བཞིན་གྱི་ཉམས་ཞན་དུ་འགྱུར་བ་དང་ནམ་ཟླའི་ཉེན་ཁ་ལ་ཁ་གཏད་འཇལ་བར་སྐུལ་འདེད་གཏོང་དགོས།

ཀུའུ་ཐི་ལེ་སི་ཡིས་ཐ་ཚིག་བསྒྲགས་ནས་བཤད་རྒྱུར། དངོས་རིགས་ས་ཡ་གཅིག་ལྷག་རྒྱུ་ཆད་པའི་ཉེན་ཁར་ཐུག་ཡོད་པ་དང་། དེ་ནི་འཚོ་སྡོད་ས་ཆ་ཉམས་འགྱུར་དང་བཙོག་བཟོ་ཞན་འགྱུར། ཉིན་རེ་བཞིན་ཚ་དྲག་ཏུ་འགྲོ་བཞིན་པའི་ནམ་ཟླའི་ཉེན་ཁ་ལས་བྱུང་བའི་མཇུག་འབྲས་ཡིན། ཁོས་སྲིད་གཞུང་དང་དམངས་ཁྲོད་སྤྱི་ཚོགས་དང་སྒེར་གཉེར་སྡེ་ཁག་གིས་མཉམ་ལས་བྱས་ནས། མིའི་རིགས་ལ་རྒྱུན་བསྲིང་ཆོག་པའི་མ་འོངས་པ་ཞིག་བསྐྲུན་རྒྱུའི་འབོད་སྐུལ་བཏང་།

རིན་ཆེན་མཚོས་བསྒྱུར།