སྐབས་བཅུ་གསུམ་པའི་ཀྲུང་གོ་དང་ཨ་མེ་རི་ཁའི་སྲིད་ཏང་གི་གྲོས་མོལ་དེ་ཟླ་ལྔ་པའི་ཚེས་ཉེར་གསུམ་ཉིན་བརྙན་རིས་ཀྱི་རྣམ་པས་སྤེལ། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཨ་མེ་རི་ཁའི་ཕན་ཚུན་གྱི་ངོས་འཛིན་དང་གཉིས་ཕན་མཉམ་ལས་ཀྱི་བརྗོད་སྙིང་ལ་དམིགས་ནས་གཏིང་ཟབ་ཅིང་འཛུགས་སྐྲུན་རང་བཞིན་ལྡན་པའི་བརྗེ་རེས་བྱས། ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ཡི་པུའུ་ཀྲང་ལིའུ་ཅན་ཁྲའོ་གྲོས་མོལ་ལ་ཞུགས་པར་མ་ཟད་གཏམ་བཤད་གལ་ཆེན་སྤེལ། ཀྲུང་ཕྱོགས་ཕྱོགས་ཀྱི་པུའུ་ཨུ་དང་། ས་གནས་སྲིད་གཞུང་། མཐོ་རིམ་སློབ་གྲྭ། དེ་མིན་ཨ་མེ་རི་ཁའི་དམངས་གཙོ་སྤྱི་མཐུན་ཏང་ཁག་གཉིས། ས་གནས། རིག་མཛོད་སོགས་ནས་ཡོང་བའི་ཀྲུང་ཕྱིའི་འཐུས་མི་ལྔ་བཅུ་ཙམ་གྲོས་མོལ་ལ་ཞུགས།
ཕྱོགས་གཉིས་ཀྱིས་བལྟས་ན། ཀྲུང་གོ་དང་ཨ་མེ་རི་ཁ་ཇི་ལྟར་མཉམ་གནས་བྱེད་པར་གལ་འགངས་ཧ་ཅང་ཆེ་བས། ཕྱོགས་གཉིས་ཀྱིས་བྱེད་ཐབས་སྤྱད་ནས། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་དེ་ཡང་བསྐྱར་བདེ་ཐང་འཕེལ་རྒྱས་ཀྱི་ལམ་དུ་ཞུགས་པར་སྐུལ་འདེད་གཏོང་དགོས་ལ། དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་རེ་སྒུག་དང་འཚམ་པར་མ་ཟད། བུ་རབས་ཚ་རྒྱུད་ལའང་བདེ་སྐྱིད་བསྐྲུན་ཐུབ་པར་འདོད། ཀྲུང་གོ་དང་ཨ་མེ་རི་ཁས་ངེས་པར་དུ་ཕན་ཚུན་བརྩི་འཇོག་དང་ཞི་བདེ་མཉམ་གནས་རྒྱུན་འཁྱོངས་བྱེད་པ་ལས་ངོ་རྒོལ་འཁྲུག་རྩོད་བྱེད་མི་རུང་བ་དང་། བརྗེ་རེས་དང་གྲོས་མོལ་ལ་ཤུགས་སྣོན་བྱས་ནས་མི་དམངས་ཀྱི་བརྩེ་འདང་ཇེ་ཟབ་ཏུ་བཏང་སྟེ་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། མཉམ་ལས་ལ་ཤུགས་སྣོན་བྱས་ནས་མཉམ་དུ་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ཐག་གཅོད་བྱེད་དགོས། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་ཀྲུང་གོ་གུང་ཁྲན་ཏང་དང་ཨ་མེ་རི་ཁའི་ཏང་ཁག་གཉིས་ཀྱི་བརྗེ་རེས་གྲོས་མོལ་སྤེལ་བར་ཡིད་འཐད་བྱུང་།
བསོད་ནམས་ཚེ་རིང་གིས་བསྒྱུར།