དབྱི་ལིང་བྱང་ཕྱོགས་ཀྱི་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་གྱི་འཇིགས་སྐུལ་ངོ་རྒོལ་སྡེ་ཁག་གིས་ཚེས་ཉེར་གསུམ་ཉིན་གསལ་སྒྲོག་སྤེལ་ནས། ཐུར་ཁེའི་དམག་ཕྱོགས་ཀྱིས་ཉིན་དེར་དབྱི་རག་བྱང་ཕྱོགས་ཀྱི་ནེ་ནེ་ཝེ་ཞིང་ཆེན་དུ་བར་སྣང་འཇབ་རྒོལ་བྱས་པ་དང་། དེ་ལས་ཡཱ་ཙི་ཏིས་དྲག་ཆས་མི་སྣ་གསུམ་རྐྱེན་ལམ་དུ་ཤོར་ཡོད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ཉིན་དེའི་དུས་ཚོད་ལྔ་ཡས་མས་སུ། ཐུར་ཁེའི་དམག་ཕྱོགས་ཀྱིས་ནེ་ནེ་ཝེ་ཞིང་ཆེན་གྱི་ཞིན་ཅཱ་ཨར་གྲོང་རྡལ་གྱི་ཞིན་ཅཱ་ཨར་སྲུང་སྐྱོབ་དམག་དཔུང་གི་སྤྱི་ཁྱབ་པུའུ་ལ་བར་སྣང་འཇབ་རྒོལ་བྱས་ཏེ། ཡཱ་ཙི་ཏིས་དྲག་ཆས་མི་སྣ་གསུམ་རྐྱེན་ལམ་དུ་ཤོར་ཡོད་ཟེར།
ཐུར་ཁེའི་དམག་ཕྱོགས་ཀྱིས་ཟླ་འདིའི་ཚེས་བཅུ་དྲུག་ཉིན་དབྱི་ལིང་བྱང་ཕྱོགས་ཀྱི་ཞིན་ཅཱ་ཨར་སྲུང་སྐྱོབ་དམག་དཔུང་གི་སྡོད་གནས་སུ་བར་སྣང་འཇབ་རྒོལ་བྱས་ཏེ་དྲག་ཆས་མི་སྣ་གསུམ་བསད་པ་རེད།
ཡཱ་ཙི་ཏིས་མི་ནི་དབྱི་རག་གི་གྲངས་ཉུང་མི་རིགས་ཡིན་པ་དང་། མང་ཆེ་བ་ནེ་ནེ་ཝེ་ཞིང་ཆེན་གྱི་ཞིན་ཅཱ་ཨར་གྲོང་རྡལ་དང་པེད་ཞེ་ཁཱ་གྲོང་རྡལ་དུ་འདུས་སྡོད་བྱས་ཡོད། ཡཱ་ཙི་ཏིས་དྲག་ཆས་ཚོགས་ཁག་སྟེ་ཞིན་ཅཱ་ཨར་སྲུང་སྐྱོབ་དམག་དཔུང་ནི་ཉིས་སྟོང་བདུན་ལོར་བཙུགས་པ་དང་། དམིགས་ཡུལ་ནི་ཡཱ་ཙི་ཏིས་མིའི་སྡེ་ཁུལ་ལ་སྲུང་སྐྱོབ་བྱེད་ཆེད་རེད། ཐུར་ཁེ་ཕྱོགས་ཀྱིས་དྲག་ཆས་ཚོགས་ཁག་དེ་ཁུའུ་ཨར་ཏི་བཟོ་བའི་ཏང་བར་འབྲེལ་འདྲིས་ཟབ་མོ་ཡོད་པར་སྐྱོན་འཛུགས་བྱས།
ཁུའུ་ཨར་ཏི་བཟོ་བའི་ཏང་ནི་གཅིག་སྟོང་དགུ་བརྒྱ་དོན་དགུ་ལོར་བཙུགས་པ་དང་། དྲག་ཤུགས་ལ་བརྟེན་ནས་ཐུར་ཁེ་དང་དབྱི་རག དབྱི་ལིང་། སི་རི་ཡཱ་བཅས་ཀྱི་འབྲེལ་མཚམས་སུ་ཡོད་པའི་ཁུའུ་ཨར་ཏི་མིའི་འདུས་སྡོད་ས་ཁུལ་ནས་སྒེར་ཚུགས་ཀྱི་རྒྱལ་ཁབ་འཛུགས་པར་བརྩོན་ལེན་བྱེད་པ་ཡིན་ལ། དེའི་དྲག་ཆས་མི་སྣ་མང་བོ་དབྱི་རག་བྱང་ཕྱོགས་དང་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་དུ་འདུས་སྡོད་བྱས་ཡོད། ཐུར་ཁེ་ཕྱོགས་ཀྱིས་རྩ་འཛུགས་དེ་འཇིགས་སྐུལ་རྩ་འཛུགས་ཀྱི་གྲས་སུ་བཞག་ཡོད་པ་དང་། ཐེངས་མང་བོར་རྒྱལ་ཁོངས་བརྒལ་ནས་དབྱི་རག་དང་སི་རི་ཡཱའི་མངའ་ཁོངས་ཀྱི་ཁུའུ་ཨར་ཏི་བཟོ་བའི་ཏང་གི་དམིགས་འབེན་ལ་ཆམ་ཕབ་བཏང་མྱོང་།
བསོད་ནམས་ཚེ་རིང་གིས་བསྒྱུར།