ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པ་ཁི་ནཱ་ཧྲིན་ཁི་ཧྥུའུ་ཡིས་ཚེས་ཉེར་གསུམ་ཉིན་སྤྱི་སྒྲོག་སྤེལ་ཏེ། ཨུ་རུ་སིའི་དམག་དཔུང་གིས་ཚེས་ཉེར་གཉིས་ཉིན་ཨུ་རུ་སིའི་པེ་ཨར་ཀི་ལོ་ཏི་མངའ་སྡེ་རུ་ཡོང་བའི་ཝུའུ་ཁི་ལན་གྱི་དྲག་ཆས་མི་སྣར་ཆམ་ཕབ་དྲག་པོ་བཏང་སྟེ། མི་བདུན་ཅུ་ལྷག་བསད།
ཁི་ནཱ་ཧྲིན་ཁི་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སིའི་དྲག་ཆས་སྟོབས་ཤུགས་ཀྱིས་པེ་ཨར་ཀི་ལོ་ཏི་མངའ་སྡེའི་ཀི་ལའེ་བོ་ལུང་དུ་ཡོང་བའི་ཝུའུ་ཁི་ལན་གྱི་དྲག་ཆས་མི་སྣར་བར་ཆམ་ཕབ་དང་མེ་སྒྱོགས་བཀོལ་ནས་ཆམ་ཕབ་བཏང་སྟེ། བསྡོམས་པས་ཝུའུ་ཁི་ལན་གྱི་དྲག་ཆས་མི་སྣ་བདུན་ཅུ་ལྷག་བསད། ཁྲབ་ལྡན་འཁོར་ལོ་བཞི་དང་དངོས་སྐྱེལ་རླངས་འཁོར་ལྔར་གཏོར་བཤིག་བཏང་ཡོད། དེའི་འཕྲོའི་དྲག་ཆས་མི་སྣ་ཝུའུ་ཁི་ལན་གྱི་མངའ་ཁོངས་སུ་སོང་ཡོད་ལ། ཨུ་རུ་སིའི་དམག་ཕྱོགས་ཀྱིས་མུ་མཐུད་དུ་དེར་ཆམ་ཕབ་གཏོང་བཞིན་ཡོད་ཟེར།
པེ་ཨར་ཀི་ལོ་ཏི་མངའ་སྡེའི་མགོ་བ་ཀི་ལཱ་ཏི་ཁི་ཧྥུའུ་ཡིས་ཚེས་ཉེར་གསུམ་ཉིན་སྤྱི་སྒྲོག་སྤེལ་ཏེ། ཝུའུ་ཁི་ལན་ཕྱོགས་ཀྱིས་འདས་པའི་ཉིན་གཅིག་གི་ནང་མངའ་སྡེ་དེའི་སྡོད་དམངས་འདུས་སྡོད་བྱེད་ས་ཉི་ཤུ་ཙམ་ལ་དཔུང་འཇུག་བྱས་ཏེ། མི་གཅིག་བསད་པ་དང་། མི་བཅུ་གསུམ་ལ་རྨས་ཕོག་ཡོད་ཟེར།
ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་བསྟན་དོན། ཝུའུ་ཁི་ལན་གྱི་གཏོར་བརླག་ཉེས་ཅན་གྱིས་བཙན་འཛུལ་བྱས་པར་ཁི་ལི་མུའུ་ལིན་ཕོ་བྲང་གིས་སེམས་ཁུར་བྱེད་བཞིན་ཡོད་ཟེར། ཨུ་རུ་སིའི་བདེ་འཇགས་གྲོས་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་མཱེ་ཏི་བེ་ཅེ་ཧྥུའུ་ཡིས་བཤད་རྒྱུར། པེ་ཨར་ཀི་ལོ་ཏི་མངའ་སྡེ་རུ་གཏོར་བརླག་བྱ་འགུལ་སྤེལ་བའི་དྲག་ཆས་མི་སྣ་ནི་ཐལ་སྤྱོད་ཉེས་ཅན་ཡིན་པ་དང་། ཝུའུ་ཁི་ལན་གྱིས་ཨུ་རུ་སིའི་མངའ་ཁོངས་སུ་གཏོང་བརླག་རང་བཞིན་གྱི་འཇབ་རྒོལ་དང་དེའི་འབྲེལ་མེད་ཀྱི་གསལ་སྒྲོག་དེ་རྫུན་གཏམ་ཡིན་ཟེར།
ཝུའུ་ཁི་ལན་ཕྱོགས་ཀྱིས་དེའི་སྔོན་བསྟན་དོན། གོང་གི་འགུལ་སྐྱོད་ནི་ཨུ་རུ་སིའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་ཚོགས་ཁག་གིས་བཟོས་པ་ཡིན་པས། ཝུའུ་ཁི་ལན་ཕྱོགས་ལ་འབྲེལ་བ་མེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།