དབྱི་ལིང་གི་ཧྥ་ཨར་སི་འཕྲིན་གཏོང་ཁང་གིས་ཚེས་ཉེར་གསུམ་ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་གིས་ཨེ་ནཱ་ཡཱ་ཐི་སོ་ཏི་ཨ་རབ་ཏུ་སྡོད་པའི་གཞུང་ཚབ་ཆེན་མོར་བསྐོ་འཇོག་བྱས་ཟེར།
བསྒྲགས་པའི་གནས་ཚུལ་ལས་ད་རུང་བཤད་རྒྱུར། ཨེ་ནཱ་ཡཱ་ཐིས་ཀྱིས་དེའི་སྔོན་ཁི་ཝེ་ཐི་རུ་སྡོད་པའི་དབྱི་ལིང་གི་གཞུང་ཚབ་ཆེན་མོ་དང་ཕྱི་འབྲེལ་བློན་ཆེན་གྱི་ལས་རོགས་པ་སོགས་ཀྱི་ལས་འགན་ཁུར་མྱོང་ཟེར།
སོ་ཏི་ཨ་རབ་དང་དབྱི་ལིང་གིས་ཉིས་སྟོང་བཅུ་དྲུག་ལོར་འབྲེལ་ཐག་བཅད་པ་དང་། ཀྲུང་གོ་ཕྱོགས་ཀྱི་རྒྱབ་སྐྱོར་འོག སོ་ཏི་ཨ་རབ་དང་དབྱི་ལིང་རྒྱལ་ཁབ་གཉིས་ཀྱི་འཐུས་མིས་ད་ལོའི་ཟླ་གསུམ་པའི་ཚེས་དྲུག་ཉིན་ནས་ཚེས་བཅུ་ཉིན་བར་པེ་ཅིང་ནས་གྲོས་མོལ་བྱས་ཤིང་། ཀྲུང་གོ་དང་སོ་ཏི་ཨ་རབ། དབྱི་ལིང་བཅས་ཕྱོགས་གསུམ་གྱིས་མཉམ་འབྲེལ་གསལ་སྒྲོག་བཀོད་ནས་སྤེལ་ཏེ། སོ་ཏི་ཨ་རབ་དང་དབྱི་ལིང་ཕྱོགས་གཉིས་ཀྱིས་འབྲེལ་བ་སླར་གསོ་བྱེད་རྒྱུ་ཁྱབ་སྒྲོག་བྱས་པར་མ་ཟད། པེ་ཅིང་གྲོས་མཐུན་བཀོད།
ཟླ་བཞི་པའི་ཚེས་དྲུག་ཉིན། སོ་ཏི་ཨ་རབ་དང་དབྱི་ལིང་ཕྱོགས་གཉིས་ཀྱིས་མཉམ་འབྲེལ་གསལ་སྒྲོག་སྤེལ་ནས། རྒྱལ་ཁབ་གཉིས་ཀྱིས་ཉིན་དེ་ནས་བཟུང་ཕྱི་ཕྱོགས་འབྲེལ་བ་སླར་གསོ་བྱས་པ་ཁྱབ་བསྒྲགས་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།