ཟླ་ལྔ་བའི་ཚེས་གཉིས་ཉིན། ཨེ་ཅིབ་ལྷོ་ཕྱོགས་ཀྱི་ཨ་སི་ཝང་ཞིང་ཆེན་གྱི་རླངས་འཁོར་ས་ཚིགས་ཤིག་ནས། ལས་བྱེད་མི་སྣས་སུའུ་ཏན་ནས་ཨེ་ཅིབ་ཏུ་བྲོས་བྱོལ་བྱེད་པའི་ཡུལ་གྱར་བར་སྐོམ་ཆུ་སྟེར་བཞིན་པ།
འདི་ནི་ཟླ་བཞི་བའི་ཚེས་བཅོ་བརྒྱད་ཉིན་སུའུ་ཏན་གྱི་ཁཱ་ཐུའུ་མུའུ་ནས་པར་བླངས་པའི་སྲང་ལམ་གྱི་རྣམ་པ་རེད།
ཟླ་བཞི་བའི་ཚེས་བཅུ་བདུན་ཉིན། དྲག་ཆས་པའི་འཁྲུག་རྩོད་ལས་འཐུང་ཆུ་ཆད་པ་དང་། སུའུ་ཏན་ཁཱ་ཐུའུ་མུའུ་གྲོང་ཁྱེར་གྱི་སྡོད་དམངས་ནེ་ལོ་གཙང་བོའི་ནང་སོང་ནས་ཆུ་ལེན་བཞིན་པ།
སུའུ་ཏན་གྱི་དྲག་ཆས་འཁྲུག་རྩོད་བྱེད་པའི་ཕྱོགས་ཁག་གཉིས་ཀྱིས་བཀོད་པའི་གནས་སྐབས་སུ་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དེ་ཚེས་ཉེར་གཉིས་ཉིན་གྱི་དགོང་མོར་དངོས་སུ་ནུས་ལྡན་དུ་གྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་སུའུ་ཏན་གནད་དོན་གྱི་དམིགས་བསལ་འཐུས་མི་ཕའེ་ཨར་ཐི་སི་ཡིས་ཕྱོགས་གཉིས་ཀྱིས་འཁྲུག་རྩོད་མཚམས་འཇོག་དགོས་པའི་སྐུལ་མ་བཏང་། ཡིན་ཡང་སུའུ་ཏན་གྱི་རྒྱལ་ས་ཁཱ་ཐུའུ་མུའུ་ཡི་སྡོད་དམངས་ཀྱིས་བཤད་རྒྱུར། གྲོས་མཐུན་ནུས་ལྡན་དུ་གྱུར་རྗེས། ས་ཁུལ་ལ་ལའི་འཐབ་འཁྲུག་སྔར་བཞིན་མཚམས་བཞག་མེད་པ་དང་། མེ་མདའ་དང་མེ་སྒྱོགས་ཀྱི་སྒྲ་བར་མེད་དུ་གྲགས་བཞིན་ཡོད་ཟེར།
སུའུ་ཏན་གྱི་དྲག་ཆས་དམག་དཔུང་དང་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་ཚེས་ཉི་ཤུ་ཉིན་སོ་ཏི་ཨ་རབ་ཀྱི་མཚོ་དམར་གྲུ་ཁའི་གྲོང་ཁྱེར་ཅི་ཏཱ་ནས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད་དེ། ཁཱ་ཐུའུ་མུའུ་ཡི་དུས་ཚོད་ཚེས་ཉེར་གཉས་ཉིན་གྱི་དགོང་མོའི་དུས་ཚོད་དགུ་དང་སྐར་མ་ཞེ་ལྔའི་སྟེང་ནས་བཟུང་གཟའ་འཁོར་གཅིག་གི་ཡུན་ལ་འཁྲུག་རྩོད་མཚམས་འཇོག་རྒྱུར་འཐད་པ་བྱུང་། གལ་ཆེ་ཕྱོགས་གཉིས་འཐད་པ་བྱུང་ན་འཁྲུག་རྩོད་མཚམས་འཇོག་པའི་ཡུན་ཚད་ཇེ་རིང་དུ་བཏང་ཆོག་པ་རེད།
ཕའེ་ཨར་ཐི་སི་ཡིས་བཤད་པ་ལྟར་ན། དེ་ནི་ཕྱོགས་གཉིས་ཀྱིས་ཟླ་གཅིག་གི་རིང་ཁྱབ་བསྒྲགས་བྱས་པའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ཨང་བདུན་པ་ཡིན་པ་དང་། དེའི་སྔོན་གྱི་གྲོས་མཐུན་དྲུག་པོ་ཚང་མ་དངོས་འབེབས་ཐུབ་མེད་ལ། ཕྱོགས་གཉིས་ཀྱིས་ཕན་ཚུན་ལ་གྲོས་མཐུན་དང་འགལ་བར་སྐྱོན་འཛུགས་བྱེད་བཞིན་ཡོད།
དེའི་སྔོན་ཐེངས་དྲུག་ལ་འཁྲུག་རྩོད་མཚམས་བཞག་པ་དང་མི་འདྲ་བ་ནི་ཐེངས་འདིའི་འཁྲུག་རྩོད་མཚམས་འཇོག་པར་སུའུ་ཏན་གྱི་འཁྲུག་རྩོད་ལ་བར་འདུམ་བྱེད་པའི་སོ་ཏི་ཨ་རབ་དང་ཨ་མེ་རི་ཁའི་ལྟ་རྟོག་ཐོབ་ཡོད་པ་རེད། སོ་ཏི་ཨ་རབ་དང་ཨ་མེ་རི་ཁ། སུའུ་ཏན་གྱི་དྲག་ཆས་དམག་དཔུང་། འཕྲལ་མྱུར་རོགས་སྐྱོར་དམག་དཔུང་བཅས་ཕྱོགས་བཞི་ཡིས་སོ་སོར་འཐུས་མི་གསུམ་རེ་མངག་ནས་ལྟ་རྟོག་མཐུན་སྦྱོར་ཨུ་ཡོནལྷན་ཁང་རྩ་འཛུགས་བྱས་ཡོད།
འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལྟར། སུའུ་ཏན་གྱི་དྲག་ཆས་དམག་དཔུང་དང་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་གྲོས་མཐུན་ནུས་ལྡན་དུ་མ་གྱུར་སྔོན་གྱི་ཉིན་གཉིས་བེད་སྤྱད་དེ་རང་རང་གི་དམག་དཔུང་ལ་བརྡ་བཏང་བ་དང་། བརྩི་སྲུང་བྱེད་དགོས་པའི་བཀའ་རྒྱ་བཏང་ཡོད། ཕའེ་ཨར་ཐི་སི་ཡིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་སྙན་ཞུ་བྱས། ཚེས་ཉེར་གཉིས་ཉིན་དེར་ཕྱོགས་གཉིས་ཀྱིས་དམག་དོན་འགུལ་སྐྱོད་ཇེ་ཉུང་དུ་བཏང་མེད།
ལུའུ་ཐིག་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། སུའུ་ཏན་གྱི་དྲག་ཆས་དམག་དཔུང་གིས་ཚེས་ཉེར་གཉིས་ཉིན་ཁཱ་ཐུའུ་མུའུ་ནས་མུ་མཐུད་དུ་འགས་གཏོར་དྲག་པོ་བཏང་བ་དང་། འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གི་མགོ་ཁྲིད་པ་ཏཱ་ཅཱ་ལོ་ཡིས་མུ་མཐུད་དུ་རང་གི་ལག་འོག་གི་དམག་དཔུང་གིས་མུ་མཐུད་དུ་འཐབ་འཛིང་བྱེད་དགོས་པའི་སྐུལ་མ་བཏང་།
གྲོས་མཐུན་ནུས་ལྡན་དུ་གྱུར་ནས་སྐར་མ་འགའི་རྗེས་སུ། ས་དེའི་སྡོད་དམངས་ཀྱིས་ཁཱ་ཐུའུ་མུའུ་ཤར་ཕྱོགས་ས་ཁུལ་ནས་མེ་སྒྱོགས་ཀྱི་སྒྲ་བྱུང་བ་ཐོས་པ་དང་། ནེ་ལོ་གཙང་བོའི་ཕ་རོལ་གྱི་ཨིན་ཐུའུ་མན་དང་ཁཱ་ཐུའུ་མུའུ་བྱང་མ་གཉིས་ནས་ཀྱང་མེ་མདའ་དང་མེ་སྒྱོགས་ཀྱི་སྒྲ་བྱུང་བ་ཐོས་བྱུང་ཟེར།
ཕའེ་ཨར་ཐི་སི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སུའུ་ཏན་བར་བརྒལ་དུས་སྐབས་ཀྱི་ཕྱོགས་བསྡུས་རོགས་སྐྱོར་ཚོགས་པའི་ཚོགས་གཙོའི་འགན་ཞོར་དུ་ཁུར་ཡོད་ལ། ཁོས་སུའུ་ཏན་གྱི་འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་འཁྲུག་རྩོད་མཚམས་བཞག་ནས། མི་སེར་དཀྱུས་མ་རྣམས་སྔ་མོ་ནས་བདེ་འཇགས་ངང་འཐབ་འཁྲུག་ས་ཁུལ་ནས་ཕྱིར་འཐེན་བྱེད་པ་དང་། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་བདེ་བླག་ངང་སྐྱེལ་བར་སྟབས་བདེ་བཟོ་དགོས་པའི་སྐུལ་མ་བཏང་།
མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཚོད་དཔག་བྱས་པ་ལྟར་ན། སུའུ་ཏན་དུ་མི་གྲངས་བྱེ་བ་གཉིས་དང་ས་ཡ་ལྔའི་ཁྲོད། ཕྱེད་ཀའི་ཡན་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་མཁོ་བ་རེད། ཕའེ་ཨར་ཐི་སི་ཡིས་བཤད་རྒྱུར། ཚོད་དཔག་རགས་ཙམ་བྱས་པ་ལྟར་ན། ཟླ་བཞི་བའི་ཚེས་བཅོ་ལྔ་ཉིན་སུའུ་ཏན་ནས་དྲག་ཆས་འཁྲུག་རྩོད་བྱུང་བའི་ཚུན་ལ། རྒྱལ་ཁབ་དེ་ནས་མི་བདུན་བརྒྱ་ལྷག་འཁྲུག་རྩོད་ཁྲོད་ཤི་བ་དང་། དེའི་ནང་བྱིས་པ་བརྒྱ་དང་དགུ་བཅུ་འདུས་ཡོད། དེ་ལས་གཞན་ད་རུང་ཧ་ལམ་མི་སྟོང་དྲུག་ཙམ་ལ་རྨས་ཕོག་ཡོད་ལ། མི་ས་ཡ་གཅིག་ལྷག་ཡུལ་གཞན་དུ་འཁྱམ་བཞིན་ཡོད་པ་དང་། དེའི་ནང་མི་འབུམ་གཉིས་དང་ཁྲི་ལྔ་ཨེ་ཅིབ་དང་སུའུ་ཏན་ལྷོ་མ། ཀྲ་ཏི་སོགས་ཁྱིམ་མཚེས་རྒྱལ་ཁབ་ཏུ་བྲོས་བྱོལ་བྱས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།