མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་ཉེར་གསུམ་ཉིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཟོལ་མེད་ཀྱིས་འཁྲུག་རྩོད་ཁྲོད་ཀྱི་མི་སེར་དཀྱུས་མར་སྲུང་སྐྱོབ་བྱེད་པའི་དམ་བཅའ་དང་རྒྱལ་སྤྱིའི་མི་ཆོས་བཅའ་ཁྲིམས་ཀྱི་འོས་འགན་ལག་བསྟར་བྱས་ཏེ། མི་སེར་དཀྱུས་མར་འཐབ་འཁྲུག་གི་དཀའ་སྡུག་མི་ཐེབས་པར་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་།
ཀུའུ་ཐི་ལོས་སི་ཡིས་ཉིན་དེར་འབྲུ་རིགས་བདེ་འཇགས་དང་དྲག་ཆས་འཁྲུག་རྩོད་ཁྲོད་དུ་མི་སེར་དཀྱུས་མར་སྲུང་སྐྱོབ་བྱེད་པའི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཡོངས་བསྒྲགས་དཔྱད་གླེང་ཚོགས་འདུའི་སྟེང་བཤད་རྒྱུར། མི་སེར་དཀྱུས་མར་དུས་ཡུན་རིང་བོར་དྲག་ཆས་འཁྲུག་རྩོད་ཀྱི་ཤུགས་རྐྱེན་ཚབས་ཆེན་ཐེབས་ཞིན་ཡོད། ད་ལྟ་ནི་ང་ཚོས་ཁོ་ཚོར་སྲུང་སྐྱོབ་བྱེད་པའི་དམ་བཅའ་ལག་བསྟར་བྱེད་པའི་དུས་ལ་བབས་ཡོད་ཟེར། ཁོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འགུལ་སྐྱོད་སྤེལ་ནས། ཤུགས་རྐྱེན་ཆེ་བའི་དྲག་ཆས་འཁྲུག་རྩོད་དང་ལྟོགས་སྡུག་རིམ་པར་འབྱུང་བའི་རྣམ་པ་མེད་པར་གཏོང་དགོས་པའི་འབོད་སྐུལ་བཏང་།
ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། ན་ནིང་མི་གྲངས་མང་བོ་འདུས་སྡོད་བྱེད་སར་བཀོད་སྒྲིག་བྱས་པའི་འགས་གཏོར་རང་བཞིན་གྱི་མཚོན་ཆའི་གནོད་ཐེབས་མཁན་ཁྲོད། མི་སེར་དཀྱུས་མར་བརྒྱ་ཆའི་གོ་བཞི་ཟིན་ཡོད་པ་དང་། ཉིས་སྟོང་ཉེར་གཉིས་ལོར་འཛམ་གླིང་ཡོངས་སུ་མི་དུང་ཕྱུར་གཅིག་དང་བྱེ་བ་གཅིག་ས་ཡ་བདུན་གྱིས་ལྟོགས་སྡུག་ཚབས་ཆེན་མྱངས་ཡོད་ལ། འཐབ་འཁྲུག་དང་བདེ་འཇགས་མིན་པ་ནི་དེའི་གནད་རེད་ཟེར།
ཀུའུ་ཐི་ལོས་སི་ཡིས་ཀྱང་གཏམ་བཤད་སྤེལ་ཏེ། ཉེ་སྔོན་འཁྲུག་རྩོད་ལས་མི་སེར་དཀྱུས་མར་ཐེབས་པའི་ཤུགས་རྐྱེན་ཇེ་མང་དུ་གཏོང་ཆེད་སྤྱད་པའི་འགུལ་སྐྱོད་གླེང་ཡོད། འགུལ་སྐྱོད་དེ་དག་གིས་མི་སེར་དཀྱུས་མར་སྲུང་སྐྱོབ་བྱེད་པའི་ཐད་ནས་གྲུབ་འབྲས་ངེས་ཅན་བླངས་ཡོད་ཀྱང་། སྔར་བཞིན་ཧུར་ཐག་སྒོས་ཀུན་གྱིས་སེམས་ཁུར་བྱེད་པའི་གནད་དོན་འདི་ཐག་གཅོད་བྱེད་དགོས་ཟེར།
ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། ན་ནིང་ཟླ་བཅུ་གཅིག་པར་རྒྱལ་ཁབ་སོ་སོས་མི་སེར་དཀྱུས་མར་མི་གྲངས་མང་བོ་འདུས་སྡོད་བྱེད་སར་འགས་གཏོར་རང་བཞིན་གྱི་མཚོན་ཆ་བཀོལ་ནས་བཟོས་པའི་མི་ཆོས་རིང་ལུགས་ཀྱི་མཇུག་འབྲས་འབྱུང་དུ་མི་འཇུག་པར་ཤུགས་སྣོན་པའི་སྐོར་གྱི་ཆབ་སྲིད་བསྒྲགས་གཏམ་ལ་གྲོས་མཐུན་བཀོད། དེ་ལས་གཞན་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ན་ནིང་ཟླ་བཅུ་གཉིས་པར་གྲོས་ཆོད་ཅིག་བཀོད་དེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཀག་སྡོམ་བྱེད་ཐབས་ལས་མི་སེར་དཀྱུས་མར་རྨས་སྐྱོན་ཐེབས་པ་དང་མི་ཆོས་རིང་ལུགས་ཀྱི་འགུལ་སྐྱོད་ལ་བཀག་རྒྱ་བཟོ་བར་སྔོན་འགོག་བྱེད་པའི་ཆེད་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།