ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་མནའ་འབྲེལ་གྱི་སྐབས་གཉིས་པའི་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་གླེང་སྟེགས་ནས་སྣེ་མང་འཛམ་གླིང་ཁྲོད་ཀྱི་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་གཞི་གཅིག་ཅན་གནད་དུ་བཟུང་ཡོད།
2023.05.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་མནའ་འབྲེལ་གྱི་སྐབས་གཉིས་པའི་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་གླེང་སྟེགས་ཚེས་ཉེར་བཞི་ཉིན་ཨུ་རུ་སིའི་རྒྱལ་ས་མའོ་སི་ཁོ་ནས་ཚོགས་མགོ་བརྩམས་པ་དང་། ཚོགས་ཞུགས་འཐུས་མི་རྣམས་ཀྱིས་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་གཞི་གཅིག་ཅན་གྱི་གྲོས་རིམ་ལ་དམིགས་ནས་གྲོས་བསྡུར་བྱས་ཤིང་། བརྗོད་སྙིང་དེ་དཔལ་འབྱོར་ཉོ་ཚོང་མཉམ་ལས་དང་ནུས་ཁུངས་བདེ་འཇགས། གྲངས་ལྡན་རྣམ་པ་བསྒྱུར་བ། ལག་རྩལ་མཉམ་ལས། ནམ་ཟླའི་འགྱུར་ལྡོག་སོགས་ཀྱི་ཕྱོགས་ལ་འབྲེལ་ཡོད།

སྐབས་འདིའི་གླེང་སྟེགས་ནི་ཨུ་རུ་སི་ཡིས་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་བའི་སྐབས་སུ་སྤེལ་བ་ཡིན་ལ། བརྗོད་སྙིང་ནི་སྣེ་མང་འཛམ་གླིང་ཁྲོད་ཀྱི་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་གཞི་གཅིག་ཅན་ཞེས་པ་དེ་རེད། གླེང་སྟེགས་དེའི་ཚོགས་ཡུན་ཉིན་གཉིས་ཡིན་པ་དང་། ཚང་འཛོམས་གྲོས་ཚོགས་ལས་གཞན། སྒྲོམ་གཞི་དེའི་ནང་ད་རུང་ཡན་ལག་གྲོས་ཚོགས་ཐེངས་སོ་ལྔ་སྤེལ་རྒྱུ་ཡིན་ལ། བསྡོམས་པས་རྒྱལ་ཁབ་ལྔ་བཅུ་ལྷག་ན་ས་ཡོང་བའི་སྲིད་ཚོང་ལས་རིགས་དང་རྒྱལ་སྤྱིའི་རྩ་འཛུགས། སྨྱན་བྱད་ཀྱི་འཐུས་མི་བཅས་མི་སྟོང་གཉིས་དང་བདུན་བརྒྱ་ལྷག་ཞུགས་ཡོད།

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ཉིན་དེའི་གླེང་སྟེགས་ཀྱི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་ནས་ཞུ་ཚིག་ཕུལ། ཕུའུ་ཅིན་གྱིས་བསྟན་དོན། དེང་སྐབས་འཛམ་གླིང་ཧྲིལ་བོར་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་ཟབ་མོ་འབྱུང་བཞིན་ཡོད་ཅིང་། སྔར་ལས་མང་བའི་རྒྱལ་ཁབ་ཀྱིས་རྒྱལ་ཁབ་བདག་དབང་ལ་ཤུགས་སྣོན་པའི་བྱེད་ཕྱོགས་སྤྱད་པ་དང་། སྒེར་ཚུགས་རང་བདག་གི་ནང་སྲིད་དང་ཕྱི་འབྲེལ་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད་ལ། རང་སྟེང་གི་འཕེལ་རྒྱས་རྣམ་པ་རྒྱུན་འཁྱོངས་བྱས་ཏེ། སྔར་ལས་འདྲ་མཉམ་གྱི་རྣམ་པ་གསར་བའི་རྒྱལ་སྤྱིའི་དཔལ་འབྱོར་འབྲེལ་བའི་སྒྲོམ་གཞི་འཛུགས་པའི་གྲོས་གཞི་བཏོན་་ཡོད་ལ། འཛུགས་སྐྲུན་རང་བཞིན་ལྡན་པའི་སྒོ་ནས་འཛམ་གླིང་ཡོངས་ཀྱི་འཕེལ་རིམ་ལ་ཤུགས་རྐྱེན་བཟོ་བ་དང་། གཉིས་ཕན་དང་བརྩི་འཇོག ཕན་ཚུན་གྱི་ཁེ་ཕན་ལ་བསམ་བློ་གཏོང་བའི་གྲོགས་པོའི་འབྲེལ་བ་རྒྱ་བསྐྱེད་པར་བརྩོན་ལེན་བྱེད་བཞིན་ཡོད། ཨུ་རུ་སི་དང་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་མནའ་འབྲེལ་གྱི་གྲོགས་པོས་གོང་གི་བྱེད་ཕྱོགས་དེ་བརྩི་སྲུང་བྱས་ཤིང་། ལྷག་བསམ་རྣམ་དག་དང་ཕན་འབྲས་ལྡན་པ། དངོས་གཉེར་བཅས་ཀྱི་མཉམ་ལས་ལ་དགའ་བསུ་བྱེད་བཞིན་ཡོད་ཟེར།

ཕུའུ་ཅིན་གྱིས་བཤད་རྒྱུར། ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་མནའ་འབྲེལ་གྱིས་ཡོ་རོབ་གླིང་དང་ཨེ་ཤ་ཡཱ་སྐམ་ས་ཧྲིལ་བོའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པར་དམིགས་པའི་གྲོས་གཞི་གཞན་པར་རྒྱབ་སྐྱོར་བྱེད་པ་དང་། མུ་མཐུད་དུ་ཀྲུང་གོའི་བར་མཉམ་ལས་བྱས་ཏེ། ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་མནའ་འབྲེལ་གྱི་སྒྲོམ་གཞིའི་ནང་གི་གཞི་གཅིག་ཅན་གྱི་འཕེལ་རིམ་དང་ཀྲུང་གོའི་གྲོགས་པོས་བཏོན་པའི་བརྒྱུད་གཅིག་ལམ་གཅིག་གི་གྲོས་གཞི་སྦྲེལ་མཐུད་བྱས་ནས། ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་གྲོགས་པོའི་འབྲེལ་བའི་རླབས་ཆེན་ཕུགས་བསམ་མངོན་འགྱུར་བྱེད་དགོས་ཟེར།

ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་མནའ་འབྲེལ་གྱི་རྒྱལ་ཁབ་མགོ་ཁྲིད་པ་དག་ཚེས་ཉེར་ལྔ་ཉིན་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་མནའ་འབྲེལ་གྱི་ཆེས་མཐོའི་དབང་ཤུགས་ལས་ཁུངས་ཡོ་རོབ་གླིང་དང་ཨེ་ཤ་ཡའའི་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཆེས་མཐོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ལ་ཞུགས་ཏེ། ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་མནའ་འབྲེལ་གྱི་ད་ལོའི་དམིགས་འབེན་ཡོངས་འགྲུབ་བྱས་པའི་གནས་ཚུལ་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་ལ། གཙོ་བོ་ནུས་ཁུངས་འགན་སྲུང་དང་། འབྲུ་རིགས་བདེ་འཇགས། ལག་རྩལ་དང་དངུལ་ལོར་སྒེར་ཚུགས། གྲངས་ལྡན་རིམ་སྤོར་ཇེ་མགྱོགས་སུ་གཏོང་བ། ལྟ་རྟོག་དོ་དམ་དང་དཔལ་འབྱོར་ཉོ་ཚོང་གི་བཀག་རྒྱ་མེད་པར་གཏོང་བ། འགྲིམ་འགྲུལ་རྨང་གཞིའི་སྒྲིག་ཆས་འཕེལ་རྒྱས་སུ་གཏོང་བ་སོགས་གྲོས་གཞི་གཙོར་བཟུང་ཡོད།

ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་མནའ་འབྲེལ་ནི་ཉིས་སྟོང་བཅོ་ལྔ་ལོར་བཙུགས་པ་དང་། དེའི་ཁོངས་གཏོགས་རྒྱལ་ཁབ་ལ་ཨུ་རུ་སི་དང་ཧཱ་སག་སི་ཐན། ཨུ་རུ་སི་དཀར་པོ། ཅིར་ཅི་སི་སི་ཐན། ཨེ་མེ་ནི་ཡཱ་བཅས་འདུས།


བསོད་ནམས་ཚེ་རིང་གིས་བསྒྱུར།