སྙན་ཞུ་ལས་ཨེ་ཤ་ཡཱ་དེ་འཛམ་གླིང་ཡོངས་ཀྱི་ཚན་རྩལ་གོང་འཕེལ་གྱི་སྒུག་ཤུགས་འབྱུང་ཁུངས་སུ་འགྱུར་བཞིན་ཡོད་པའི་ཚུལ་བསྟན།
2023.05.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

པའོ་ཨོ་ཨེ་ཤ་ཡཱ་གླིང་སྟེགས་ཀྱིས་ཟླ་ལྔ་བའི་ཚེས་ཉེར་བཞི་ཉིན་ཀྲུའུ་ཧེ་ནས་ཉིས་སྟོང་ཉེར་གཉིས་ལོའི་པའོ་ཨོ་ཨེ་ཤ་ཡཱའི་གླེང་སྟེགས་ཀྱི་གསར་གཏོད་སྙན་ཞུ་སྤེལ་བ་དང་། སྙན་ཞུ་ལས་ཨེ་ཤ་ཡཱ་དེ་འཛམ་གླིང་ཡོངས་ཀྱི་ཚན་རྩལ་གོང་འཕེལ་གྱི་སྒུལ་ཤུགས་འབྱུང་ཁུངས་སུ་འགྱུར་བཞིན་ཡོད་ཟེར།

པའོ་ཨོ་ཨེ་ཤ་ཡཱའི་གླེང་སྟེགས་ཀྱི་དྲུང་ཡིག་ཆེན་མོ་ལིས་པའོ་ཏུང་གིས་བཤད་རྒྱུར། ཨེ་ཤ་ཡཱ་དེ་ཉིན་རེ་བཞིན་འཛམ་གླིང་ཡོངས་ཀྱི་ཚན་རྩལ་གསར་གཏོད་ཀྱི་ཆེས་གསོན་ཤུགས་ལྡན་པའི་འཕར་སྣེ་རུ་འགྱུར་བཞིན་ཡོད་ཅིང་། ཚན་རྩལ་གསར་གཏོད་ལྟེ་གནས་སུ་མེ་གླིང་བྱང་མ་དང་ཡོ་རོབ་གླིང་། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་བཅས་སུམ་བཙུགས་ཀྱི་རྣམ་པ་གསར་བ་མངོན་ཡོད་པ་དང་། ཀྲུང་གོ་ཚན་རྩལ་གསར་གཏོད་ཀྱི་སྐས་རིམ་དང་པོར་བསླེབས་ཡོད་ཟེར།

པའོ་ཨོ་ཨེ་ཤ་ཡཱའི་གླེང་སྟེགས་ཀྱི་གསར་གཏོད་སྙན་ཞུ་ནི་པའོ་ཨོ་ཨེ་ཤ་ཡཱའི་གླེང་སྟེགས་ཀྱི་དབང་གྲགས་ཚོང་རྟགས་ལྟ་བུའི་སྙན་ཞུ་ཞིག་ཡིན་པ་དང་། བསྟུད་མར་ལོ་གསུམ་ལ་སྤེལ་ཡོད། ཐེངས་འདིའི་སྙན་ཞུ་ལས་ཚན་རྩལ་གསར་གཏོད་འཕེལ་རྒྱས་དང་། ཆེད་ཁེའི་བཀོད་སྒྲིག ཚན་རྩལ་ཐོན་ལས་ཅན། ཚན་རྩལ་འགྲན་རྩོད། དེ་མིན་ཚན་རྩལ་གསར་གཏོད་ལྟེ་གནས་ཀྱི་འཕེལ་རྒྱས་སོགས་མིག་སྔའི་འཛམ་གླིང་ཡོངས་ཀྱི་ཚན་རྩལ་གསར་གཏོད་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་གཙོ་བོ་ཆེན་པོ་ལྔར་དབྱེ་ཞིབ་བྱས་ཡོད། སྙན་ཞུ་ལས་ད་རུང་མིག་སྔའི་འཛམ་གླིང་ཡོངས་ཀྱི་ཚན་རྩལ་གསར་གཏོད་ཀྱི་བཅའ་ཁྲིམས་དང་སྲིད་ཇུས་ཁོར་ཡུག་མཚམས་སྦྱོར་བྱས་ཏེ། ལག་རྩལ་ཞིབ་འཇུག་གསར་སྤེལ་དང་ཚན་རྩལ་འཇོན་མིའི་གསོ་སྐྱོང་། ཚན་རྩལ་དངུལ་གཏོང་། གྲུབ་འབྲས་རིམ་བསྒྱུར། ཚན་རྩལ་གསར་གཏོད་མུ་འབྲེལ། ཐོན་ལས་མུ་རྒྱུན་སོགས་ཕྱོགས་བཞིའི་འགྲན་རྩོད་རྒྱས་བཤད་བྱས་ཡོད།    དེ་ལས་གཞན་སྙན་ཞུ་ལས་ད་རུང་ཚད་རྡུལ་ལག་རྩལ་ཁྱབ་ཁོངས་ཀྱི་གསར་གཏོད་འཕེལ་རྒྱས་གནས་ཚུལ་ཞིབ་ཏུ་མཚམས་སྦྱོར་བྱས་ཡོད།

པའོ་ཨོ་ཨེ་ཤ་ཡཱའི་གླེང་སྟེགས་ཀྱི་དྲུང་ཡིག་ཆེན་མོའི་སྲིད་ཇུས་བློ་འདོན་པ་ཀྲ་ཧྥ་ཨར་གྱིས་བཤད་རྒྱུར། ཨེ་ཤ་ཡཱ་དེ་འཛམ་གླིང་ཡོངས་ཀྱི་ཚན་རྩལ་གོང་འཕེལ་གྱི་སྒུལ་ཤུགས་འབྱུང་ཁུངས་དང་གསར་གཏོད་ཀྱི་དཀྱིལ་སྙིང་ས་ཁོངས་སུ་འགྱུར་བཞིན་ཡོད། དུས་རབས་གསར་བའི་ཨེ་ཤ་ཡཱ་གླིང་གི་ཚན་རྩལ་གསར་གཏོད་སྟོབས་ཤུགས་མུ་མཐུད་དུ་མཐོར་འདེགས་བྱེད་དགོས་ན། རྒྱུན་ཆད་མེད་པར་ཞིབ་འཇུག་གསར་གཏོད་ཐད་ཀྱི་དངུལ་གཏོང་ཤུགས་ཚད་ཇེ་དྲག་ཏུ་གཏོང་བ་དང་། རང་བདག་གསར་གཏོད་ཀྱི་ཆུ་ཚད་ལ་ཤུགས་སྣོན་པ། ཆུ་ཚད་མཐོ་བའི་བརྗེ་རེས་མཉམ་ལས་སྤེལ་བ་བཅས་བྱེད་དགོས་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། པའོ་ཨོ་ཨེ་ཤ་ཡཱའི་གླེང་སྟེགས་རྒྱལ་སྤྱིའི་ཚན་རྩལ་དང་གསར་གཏོད་གླེང་སྟེགས་ཀྱི་སྐབས་གསུམ་པའི་ཚོགས་ཆེན་དེ་ཟླ་དགུ་བའི་ཚེས་བཅུ་དགུ་ཉིན་ནས་ཚེས་ཉི་ཤུ་ཉིན་བར་ཀྲུའུ་ཧེ་ནས་སྤེལ་རྒྱུ་ཡིན་པ་དང་། ཚོགས་ཆེན་དེས་གསར་གཏོད་ཀྱིས་ལྷད་མེད་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་པ་དང་། ཚན་རྩལ་གྱིས་མཛེས་སྡུག་འཚོ་བར་ཕན་ནུས་སྩོལ་ཞེས་པ་བརྗོད་སྙིང་དུ་བཟུང་ཡོད་པ་དང་། ཚང་འཛོམས་གྲོས་ཚོགས་ཆེན་མོ་གཅིག་སྤེལ་རྒྱུ་ཡིན་ལ། ཡན་ལག་གླེང་སྟེགས་མང་བོ་བཀོད་སྒྲིག་བྱས་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།