ཟླ་ལྔ་བའི་ཚེས་ཉེར་ལྔ་ཉིན། ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་མཐོ་རིམ་དཔོན་རིགས་ཀྱི་གྲོས་མོལ་ཐེངས་ཉེར་དགུ་བ་ཧྲིན་ཀྲིན་ནས་ཚོགས།
ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ལས་རོགས་པ་ནོང་རོང་དང་འབར་མའི་ཕྱི་འབྲེལ་པུའུ་ཡི་རྒྱུན་ལས་དྲུང་ཡིག་ཆན་ཨེ་གཉིས་ཀྱིས་མཉམ་དུ་མགོ་འཛིན་བྱས། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་གཞན་པའི་མཐོ་རིམ་དཔོན་པོ་དང་། མཐོ་རིམ་དཔོན་པོའི་འཐུས་མི། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་དྲུང་ཡིག་ཁྲུའུ་ཡི་འཐུས་མི་བཅས་གྲོས་ཚོགས་ལ་ཞུགས། ཏུང་ཏིས་ཝུན་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ལྟ་ཞིབ་པའི་ཐོབ་ཐང་གིས་གྲོས་ཚོགས་ལ་ཞུགས།
ནོང་རོང་གིས་ནན་གྱིས་བསྟན་དོན། ད་ལོ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྔར་ལས་དམ་ཟབ་ཀྱི་ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་པའི་གྲོས་གཞི་བཏོན་པའི་ལོ་བཅུ་བ་ཡིན་ལ། ཀྲུང་གོ་ཕྱོགས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་མཛའ་མཐུན་མཉམ་ལས་ཆིངས་ཡིག་ནང་ཞུགས་ནས་ལོ་ངོ་ཉི་ཤུ་འགོར་བའི་ལོ་ཡང་ཡིན། མིག་སྔར་ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་ ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་བཏང་སྟེ། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱིས་གཉིས་ཕན་མཉམ་རྒྱལ་སྙིང་སྟོབས་རྒྱུན་འཁྱོངས་བྱས་ཤིང་། ལག་རྡང་སྦྲེལ་ནས་ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཞི་བདེ་དང་གཏན་འཇགས། དར་རྒྱས། མཛེས་སྡུག མཛའ་མཐུན་བཅས་ཁྱིམ་གཞིས་ལྔ་མཉམ་འཛུགས་བྱེད་པ་དང་། གསར་དར་ཐོན་ལས་དང་ནུས་ཁུངས་གསར་བ། དངུལ་ལོར། སྲོལ་རྒྱུན་དང་སྲོལ་རྒྱུན་མ་ཡིན་པའི་བདེ་འཇགས། མི་གཞུང་བརྗེ་རེས་སོགས་ཁྱབ་ཁོངས་ནས་འཕེལ་རྒྱས་མཉམ་ལས་ཀྱི་གོ་སྐབས་གསར་བ་སྔོག་འདོན་བྱེད་འདོད་ཡོད། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་གཞི་དང་འཛམ་གླིང་ཡོངས་ཀྱི་བདེ་འཇགས་གྲོས་གཞི། འཛམ་གླིང་ཡོངས་ཀྱི་དཔལ་ཡོན་གྲོས་གཞི་བཅས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཐུན་མོང་ཚོགས་པའི་འཇུགས་སྐྲུན་བཅས་ཀྱི་ཕན་ནུས་མཉམ་དུ་འཕར་བར་བྱས་ནས། སྔར་ལས་དམ་ཟབ་ཀྱི་ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་པར་འབད་འབུངས་བྱེད་རྒྱུ་ཡིན་ཟེར།
ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་དག་གིས་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་བྱས་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལས་བྱུང་བའི་གོ་སྐབས་གསར་བ་མཉམ་སྤྱོད་བྱེད་འདོད་ཡོད་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་ཧུར་ཐག་སྒོས་ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རང་དབང་ཉོ་ཚོང་ས་ཁུལ་གྱི་རིམ་པ་འཕར་བར་སྐུལ་འདེད་གཏོང་བ་དང་། གྲངས་ལྡན་དཔལ་འབྱོར་དང་ལྷད་མེད་འཕེལ་རྒྱས། གཅིག་འབྲེལ་གཅིག་བརྟེན། རྒྱུན་མཐུད་ཐུབ་པའི་ཞིབ་ལས་སོགས་ཁྱབ་ཁོངས་ནས་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། ཀོང་ཏུང་དང་ཞང་ཀང་། ཨོ་མིན་བཅས་ཀྱི་ས་ཁུལ་ཆེན་མོའི་འཛུགས་སྐྲུན་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་མཉམ་ལས་སྦས་ཤུགས་སྔོག་འདོན་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད། སྲོལ་རྒྱུན་དང་སྲོལ་རྒྱུན་མ་ཡིན་པའི་བདེ་འཇགས་ཁྱབ་ཁོངས་ཀྱི་གྲོས་མོལ་མཉམ་ལས་ལ་ཤུགས་སྣོན་པ་དང་། ལྷོ་ཕྱོགས་རྒྱ་མཚོའི་བྱ་སྤྱོད་རྩ་འཛིན་གྱི་གྲོས་མོལ་ལ་སྐུལ་འདེད་བཏང་སྟེ། མཉམ་དུ་ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་བ་དང་། ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས། དར་རྒྱས་བཅས་ལ་ཡར་སྐུལ་བྱེད་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།