འདི་ནི་ཉིས་སྟོང་ཉེར་གཉིས་ལོའི་ཟླ་བཅུ་གཅིག་པའི་ཚེས་བཅུ་བཞི་ཉིན་ཐེ་གོའི་རྒྱལ་ས་མན་ཀུའུ་སྲང་ལམ་ནས་བླངས་པའི་ཉིས་སྟོང་ཉེར་གཉིས་ལོའི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འབྲེལ་ཡོད་གྲོས་ཚོགས་ཀྱི་འཕྲེད་བྱང་གི་འདྲ་པར་རེད།
ཁཱ་ནཱ་ཏཱ་དང་སོ་ཏི་ཨ་རབ་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས་ཚེས་ཉེར་བཞི་ཉིན་ཕྱོགས་ཡོངས་ཀྱི་ཕྱི་ཕྱོགས་འབྲེལ་བ་སླར་གསོ་བྱེད་པ་དང་། ཡང་བསྐྱར་ཕན་ཚུན་བར་གཞུང་ཚབ་པ་མངག་གཏོང་བྱས་ཏེ། ཕྱོགས་གཉིས་ཀྱི་ལོ་ངོ་ལྔ་ཙམ་རིང་གི་འབྲེལ་བའི་ཛ་དྲག་ཅན་གྱི་རྣམ་པ་མཇུག་སྒྲིལ་བར་བརྩོན་ལེན་བྱེད་རྒྱུ་ཁྱབ་བསྒྲགས་བྱས།
ལུའུ་ཐིག་གསར་འགྱུར་ཁང་གིས་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས་སྤེལ་བའི་གསལ་སྒྲོག་དྲངས་པ་ལྟར་ན། གོང་གི་ཆོད་དོན་དེ་ནི་ཕྱོགས་གཉིས་ཀྱིས་ཕན་ཚུན་བརྩི་འཇོག་དང་ཐུན་མོང་གི་ཁེ་ཕན་གྱི་རྨང་གཞིའི་སྟེང་རྒྱལ་ཁབ་གཉིས་ཀྱི་ཕྱི་ཕྱོགས་འབྲེལ་བ་སླར་གསོ་བྱེད་པའི་རེ་འདུན་ལས་བྱུང་བ་རེད།
རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་པུའུ་ཡི་གསལ་སྒྲོག་ལྟར་ན། ཁཱ་ནཱ་ཏཱའི་ཙུང་ལི་ཐི་ལུའུ་ཏའོ་དང་སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་དམ་དབུ་བཞུགས་བློན་ཆེན་སཱ་ལེ་མན་གྱིས་ན་ནིང་ཟླ་བཅུ་གཅིག་པར་ཐེ་གོའི་མན་ཀུའུ་ནས་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་ཉེར་དགུ་བར་ཞུགས་པའི་སྐབས་སུ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་ལྡན་ཅན་དུ་གཏོང་བའི་གྲོས་གཞིར་གྲོས་བསྡུར་བྱས་མྱོང་།
ཉིས་སྟོང་བཅོ་བརྒྱད་ལོར། སོ་ཏི་ཨ་རབ་དང་ཏུ་སྡོད་པའི་ཁཱ་ནཱ་ཏཱའི་གཞུང་ཚབ་ཆེན་མོ་དང་བཅས་པའི་ཕྱི་འབྲེལ་དཔོན་པོ་དག་གིས་སོ་ཏི་ཨ་རབ་ཕྱོགས་ཀྱིས་བཀག་འཇུག་བྱས་པའི་འགྲོ་མིའི་ཐོབ་ཐང་སྲུང་སྐྱོབ་མི་སྣ་དག་ཕྱིར་གཏོང་དགོས་པའི་འབོད་སྐུལ་བཏང་། སོ་ཏི་ཨ་རབ་ཕྱོགས་ཀྱིས་ཁཱ་ནཱ་ཏཱ་ཕྱོགས་ཀྱིས་རང་གི་ནང་སྲིད་ལ་ཐེ་གཏོགས་བྱས་པར་རྒོལ་གཏམ་བཏང་ནས། ཁཱ་ནཱ་ཏཱའི་གཞུང་ཚབ་ཆེན་མོ་མཐར་སྐྲོད་གཏོང་བ་དང་། ཁཱ་ནཱ་ཏཱ་རུ་སྡོད་པའི་རྒྱལ་ཁབ་རང་གི་གཞུང་ཚབ་ཆེན་མོ་ཕྱིར་འབོད་པ། ཁཱ་ནཱ་ཏཱའི་དངུལ་གཏོང་གནས་སྐབས་སུ་མཚམས་འཇོག་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་རྒོལ་ལན་སྤྲད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།