ཨེ་མེ་ནི་ཡཱ་དང་ཨ་སེ་པེད་ཅང་གིས་ཕན་ཚུན་གྱི་མངའ་ཁོངས་ཆ་ཚང་ཡོང་བ་ཁས་ལེན་བྱེད་པར་འཐད་པ་བྱུང་།
2023.05.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཨེ་མེ་ནི་ཡཱའི་ཙུང་ལི་ཕཱ་ཧྲི་ནེ་དབྱང་གིས་ཚེས་ཉེར་ལྔ་ཉིན་ཨུ་རུ་སིའི་རྒྱལ་ས་མའོ་སི་ཁོ་ནས་བསྟན་དོན། ཨེ་མེ་ནི་ཡཱ་དང་ཨ་སེ་པེད་ཅང་གིས་ཕན་ཚུན་གྱི་མངའ་ཁོངས་ཆ་ཚང་ཡོང་བ་ཁས་ལེན་བྱེད་པར་ཡིད་འཐད་བྱུང་ཡོད་ཟེར།

ཨུ་རུ་སིའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཕཱ་ཧྲི་ནེ་དབྱང་ཉིན་དེར་ཆེས་མཐོའི་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་རྒྱ་བསྐྱེད་གྲོས་ཚོགས་ལ་ཞུགས་སྐབས་བསྟན་དོན། ཨེ་མེ་ནི་ཡཱ་དང་ཨ་སེ་པེད་ཅང་གིས་ཕན་ཚུན་གྱི་མངའ་ཁོངས་ཆ་ཚང་ཡོང་བ་ཁས་ལེན་བྱེད་པར་ཡིད་འཐད་བྱུང་ཡོད་ཅིང་། དེའི་རྨང་གཞིའི་སྟེང་དུ་ང་ཚོས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་མཐུན་སྦྱོར་བྱེད་པའི་ཐད་ཀྱི་གྲུབ་འབྲས་བཟང་བོ་ཡིན་ཟེར། ཕཱ་ཧྲི་ནེ་དབྱང་གིས་ད་རུང་རྒྱལ་སྤྱིའི་རྐྱེན་སྲོལ་གྱི་སྒྲོམ་གཞིའི་ནང་ནཱ་ཀི་ཨར་ནོའུ་དང་ཁཱ་ལཱ་པཱ་ཧི་ས་ཁུལ་གྱི་སྡོད་དམངས་ཁེ་དབང་དང་བདེ་འཇགས་ལ་འགན་སྲུང་བྱེད་པའི་གནད་དོན་གླེང་།

ཨ་སེ་པེད་ཅང་གི་ཙུང་ཐུང་ཨ་ལེ་ཡེ་ཧྥུའུ་ཡིས་ཀྱང་ཉིན་དེར་བསྟན་དོན། ཨ་སེ་པེད་ཅང་གིས་ཨེ་མེ་ནི་ཡཱ་ལ་མངའ་ཁོངས་ཀྱི་རེ་བ་བཏོན་མེད། ཨེ་མེ་ནི་ཡཱ་ཡིས་ནཱ་ཁཱ་ས་ཁུལ་ནི་ཨ་སེ་པེད་ཅང་གི་མངའ་ཁོངས་ཀྱི་ཁག་ཅིག་ཡིན་པ་དངོས་སུ་ཁས་ལེན་བྱས་པར་བསམ་བློ་བཏང་སྟེ། ཨ་སེ་པེད་ཅང་དང་ཨེ་མེ་ནི་ཡཱའི་བར་ཞི་བདེའི་གྲོས་མཐུན་འགོད་ཐུབ་ངེས་རེད། ཕན་ཚུན་གྱི་མངའ་ཁོངས་ཆ་ཚང་བ་ཁས་ལེན་བྱས་པའི་རྨང་གཞིའི་སྟེང་རྒྱལ་ཁབ་གཉིས་ཀྱི་རྒྱུན་ལྡན་འབྲེལ་བ་མངོན་འགྱུར་བྱེད་པར་སྔོན་འགྲོའི་ཆ་རྐྱེན་གལ་ཆེན་ལྡན་ཟེར།

ཕཱ་ཧྲི་ནེ་དབྱང་གིས་ཚེས་ཉེར་གཉིས་ཉིན་སྨྱན་བྱད་ལ་བསྟན་དོན། ནཱ་ཁཱ་ས་ཁུལ་དུ་འཚོ་བ་རོལ་བཞིན་པའི་ཨེ་མེ་ནི་ཡཱའི་རིགས་ཀྱི་མིའི་བདེ་འཇགས་ལ་འགན་སྲུང་ཐོབ་པའི་སྔོན་འགྲོའི་ཆ་རྐྱེན་འོག ཨེ་མེ་ནི་ཡཱ་ཡིས་ནཱ་ཁཱ་ས་ཁུལ་དང་བཅས་པའི་ཨ་སེ་པེད་ཅང་གི་མངའ་ཁོངས་ཆ་ཚང་ཡོང་བ་ཁས་ལེན་བྱས། ནཱ་ཁཱ་ས་ཁུལ་དེ་ཨ་སེ་པེད་ཅང་གི་ལྷོ་ནུབ་ཕྱོགས་སུ་ཡོད་ཅིང་། སྡོད་དམངས་མང་ཆེ་བ་ཨེ་མེ་ནི་ཡཱའི་རིགས་ཀྱི་མི་ཡིན་པ་རེད། སུའུ་ལེན་ཁ་ཐོར་དུ་སོང་རྗེས། ཨ་སེ་པེད་ཅང་དང་ཨེ་མེ་ནི་ཡཱའི་བར་ནཱ་ཁཱ་ས་ཁུལ་གྱི་བདག་དབང་གནད་དོན་དབང་གིས་འཐབ་འཁྲུག་བྱུང་། རྒྱལ་ཁབ་གཉིས་ཀྱིས་གཅིག་སྟོང་དགུ་བརྒྱ་གོ་བཞི་ལོར་ཕྱོགས་ཡོངས་ནས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད་ཀྱང་། ནཱ་ཁཱའི་གནད་དོན་དབང་གིས་ད་ལྟའི་བར་དགྲར་འཛིན་གྱི་རྣམ་པར་གནས་ཡོད་ལ། དྲག་ཆས་འཁྲུག་རྩོད་དུས་ངེས་མེད་དུ་འབྱུང་བཞིན་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།