ཁཱ་མེ་ལུང་གི་མཚོ་འགྲམ་ས་ཁུལ་ཆེན་མོར་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་སྟེ་མི་བཅུ་དྲུག་རྐྱེན་ལམ་དུ་ཤོར།
2023.05.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 9

ཁཱ་མེ་ལུང་གི་མཚོ་འགྲམ་ས་ཁུལ་ཆེན་མོར་ཚེས་ཉེར་དྲུག་ཉིན་འགྲུལ་སྐྱེལ་རླངས་འཁོར་དང་དངོས་སྐྱེལ་རླངས་འཁོར་ཐོ་བརྒྱབ་པའི་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་སྟེ། མི་བཅུ་དྲུག་རྐྱེན་ལམ་དུ་ཤོར།

ཁཱ་མེ་ལུང་གི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། མི་བཅུ་དགུ་དྲུད་པའི་འགྲུལ་སྐྱེལ་རླངས་འཁོར་ཞིག་མཚོ་འགྲམ་ས་ཁུལ་ཆེན་མོའི་ཨེ་ཏའེ་ཨ་ནས་ཁ་གཏད་ནས་ཡོང་བའི་དངོས་སྐྱེལ་རླངས་འཁོར་ཞིག་ལ་ཐོ་བརྒྱབ་སྟེ། མི་བཅུ་དྲུག་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་གསུམ་ལ་རྨས་ལྗིད་མོ་ཕོག འགྲུལ་སྐྱེལ་རླངས་འཁོར་སྟེང་གི་མི་བཅུ་དགུ་ཁྱིམ་རྒྱུད་གཅིག་ནས་ཡོང་བ་ཡིན་ལ། དབུས་ཕྱོགས་ས་ཁུལ་ཆེན་མོའི་ཨེ་སེ་ཁཱ་རུ་ཉེ་མིའི་བེམ་པོ་དུར་འཇུག་བྱེད་དུ་འགྲོ་རྩིས་ཡོད་པ་རེད་ཟེར།

ཁཱ་མེ་ལུང་གི་འགྲིམ་འགྲུལ་པུའུ་ཀྲང་པུས་པེ་ཨེ་ཡིས་བཤད་རྒྱུར། དོན་རྐྱེན་དེའི་འབྱུང་རྐྱེན་ནི་རླངས་འཁོར་གཞན་པའི་སྔོན་དུ་འབུད་སྐབས་སེམས་ཆུང་མ་བྱས་པར་མྱུར་ཚད་ལས་བརྒལ་བས་རེད་ཟེར། མིག་སྔར་རྨས་མ་དག་ཨེ་ཏའེ་ཨ་ས་ཁུལ་གྱི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ཟེར།

ལམ་མི་བདེ་བ་དང་ཁ་ལོ་བས་སེམས་ཆུང་མི་བྱེད་པ་སོགས་རྒྱུ་རྐྱེན་དབང་གིས་ཁཱ་མེ་ལུང་དུ་འགྲིམ་འགྲུལ་དོན་རྐྱེན་དུས་ངེས་མེད་དུ་འབྱུང་བཞིན་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།