ཀུའེ་ནེ་ཡཱ་པུ་སོའི་ཙུང་ཐུང་ཨིན་པཱ་ལོ་ཡིས་ཚེས་ཉེར་ལྔ་ཉིན་ ཀྲུང་གོའི་སྐོར་ཐེངས་བཅུ་དགུ་བའི་ཀུའེ་ནེ་ཡཱ་པུ་སོ་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་ལ་མཉམ་ལས་དང་འཕེལ་རྒྱས་ཀྱི་རྒྱལ་ཁབ་གཟི་བརྗིད་བྱས་རྗེས་གཟེངས་རྟགས་བྱིན།
ཨིན་པཱ་ལོ་ཡིས་མཛད་སྒོའི་སྟེང་ཀྲུང་གོ་དང་ཀུའེ་ནེ་ཡཱ་པུ་སོ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་བརྒྱུད་རིམ་ལ་ཕྱིར་དྲན་བྱས་པ་དང་། རྒྱལ་ཁབ་གཉིས་མཛའ་མཐུན་འབྲེལ་བའི་རྒྱུན་རིང་ཞིང་། ཀུའེ་ནེ་ཡཱ་པུ་སོའི་རང་བཙན་འཐབ་འཁྲུག་སྐབས་ནས་བཟུང་རྒྱལ་ཁབ་གཉིས་བར་མཛའ་བཤེས་ཟབ་མོ་ཆགས་ཡོད་ཟེར། ཁོས་བཤད་རྒྱུར། ཀྲུང་གོའི་སྨན་བཅོས་རུ་ཁག་གིས་ཀུའེ་ནེ་ཡཱ་པུ་སོའི་རྒྱལ་ཁབ་དང་མི་དམངས་ལ་ཞབས་ཞུ་འདོན་སྤྲོད་བྱས་པར་བཀའ་དྲིན་ཞུ། ཀྲུང་གོས་ཁྱབ་ཁོངས་མང་བོ་ནས་ཀུའེ་ནེ་ཡཱ་པུ་སོའི་མཉམ་ལས་གྲོགས་པོ་གལ་ཆེན་ཡིན་ལ། ཀུའེ་ནེ་ཡཱ་པུ་སོའི་མི་དམངས་ཀྱིས་སེམས་གཏིང་ནས་བཀའ་དྲིན་ཞུ་བཞིན་ཡོད་ཟེར།
ཀྲུང་གོའི་སྐོར་ཐེངས་བཅུ་དགུ་བའི་ཀུའེ་ནེ་ཡཱ་པུ་སོ་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་གི་རུ་གཙོ་ཀྲང་ཡན་པའོ་ཡིས་སྨན་བཅོས་རུ་ཁག་གི་ཚབ་བྱས་ཏེ་གཟེངས་རྟགས་དང་ལེན་བྱས། ཁོས་བཤད་རྒྱུར། གཟེངས་རྟགས་འདི་ནི་ཀྲུང་གོས་ལོ་ངོ་དྲུག་ཅུའི་རིང་ཕྱི་ཕྱོགས་རོགས་སྐྱོར་བྱེད་པའི་གཟེངས་རྟགས་ཡིན་པར་མ་ཟད། ཀྲུང་གོ་དང་ཀུའེ་ནེ་ཡཱ་པུ་སོའི་མཛའ་བཤེས་ཟབ་མོའི་བདེན་དཔང་ཡང་ཡིན། མ་འོངས་པར་ཀྲུང་གོའི་སྨན་བཅོས་རུ་ཁག་གིས་མུ་མཐུད་དུ་འབད་བརྩོན་བྱས་ནས། རྒྱལ་ཁབ་གཉིས་ཀྱི་སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་མཉམ་ལས་དང་སྲོལ་རྒྱུན་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བའི་ཐད་བྱས་རྗེས་བཞག་ནས་སྟོབས་ཤུགས་འབུལ་འདོད་ཡོད་ཟེར།
ཀུའེ་ནེ་ཡཱ་པུ་སོ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་གོ་ཚི་དང་། ཚོང་གཉེར་ཚན་ཙན་ཐུའུ་ཕིན་ཧྥེ། ཀྲུང་གོའི་སྐོར་ཐེངས་བཅུ་དགུ་བའི་ཀུའེ་ནེ་ཡཱ་པུ་སོ་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་གི་རུ་མི་ཚང་མ་མཛད་སྒོར་ཞུགས།
མཚམས་སྦྱོར་བྱས་པ་ལྟར་ན། མཉམ་ལས་དང་འཕེལ་རྒྱས་ཀྱི་རྒྱལ་ཁབ་གཟི་བརྗིད་བྱས་རྗེས་གཟེངས་རྟགས་ནི་ཀུའེ་ནེ་ཡཱ་པུ་སོའི་ཆེས་མཐོ་བའི་གཟི་བརྗིད་གཟེངས་རྟགས་ཤིག་ཡིན་པ་དང་། ཀུའེ་ནེ་ཡཱ་པུ་སོའི་ཙུང་ཐུང་གིས་རྒྱལ་ཁབ་ཕྱི་ནང་གི་ཀུའེ་ནེ་ཡཱ་པུ་སོ་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཐད་བྱས་རྗེས་བླ་མེད་བཞག་པའི་མི་སྒེར་དང་ཐུན་མོང་ལ་སྟེར་བཞིན་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།