ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ཉོ་ཚོང་པུའུ་ཀྲང་གྲོས་ཚོགས་གྲོལ།
2023.05.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

ཚོགས་ཡུན་ཉིན་གཉིས་ཡིན་པའི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ཉོ་ཚོང་པུའུ་ཀྲང་གྲོས་ཚོགས་ཚེས་ཉེར་དྲུག་ཉིན་གྲོལ་བ་དང་། པུའུ་ཀྲང་ཚོས་ཁོར་ཡུག་དང་ཟས་རིགས་བདེ་འཇགས། འཛམ་གླིང་ཡོངས་ཀྱི་རིམས་ནད་ཤུགས་རྐྱེན་སོགས་ཁྱབ་ཁོངས་ནས་མཉམ་དུ་འགྲན་རྩོད་གདོང་གིས་བསུ་རྒྱུ་ཁས་ལེན་བྱས།

གྲོས་ཚོགས་གྲོལ་དུས་སྤེལ་བའི་ཀྲུའུ་ཞིའི་གསལ་སྒྲོག་ལས་བསྐྱར་སྒྲོག་བྱས་དོན། ཧུར་ཐག་སྒོས་རང་དབང་དང་སྒོ་འབྱེད། འདྲ་མཉམ། མཐོང་ཆུང་མེད་པ། མངོན་གསལ། བཟོད་སྒོམ། ཚོད་དཔག་ཐུབ་པ་བཅས་ཀྱི་ཉོ་ཚོང་དང་དངུལ་གཏོང་ཁོར་ཡུག་མངོན་འགྱུར་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་འཛམ་གླིང་ཉོ་ཚོང་རྩ་འཛུགས་སྲོག་ཤིང་བྱས་པའི་ཕྱོགས་མང་ཉོ་ཚོང་མ་ལག་ལ་ཤུགས་སྣོན་དང་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

ཀྲུང་གོའི་ཚོང་དོན་པུའུ་ཡི་པུའུ་ཀྲང་ཝང་ཝུན་ཐའོ་ཡིས་འཐུས་ཚབ་ཚོགས་པ་ཁྲིད་དེ་གྲོས་ཚོགས་ལ་ཞུགས་ཏེ། ཕྱོགས་མང་ཉོ་ཚོང་སྒྲིག་ལུགས་ལ་རྒྱབ་སྐྱོར་བྱེད་པ་དང་། རྒྱུན་མཐུད་ཐུབ་པ་དང་བཟོད་སྒོམ་རང་བཞིན་གྱི་ཉོ་ཚོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ནས་ཀྲུང་གོའི་ལངས་ཕྱོགས་རྒྱས་བཤད་བྱས།

ཝང་ཝུན་ཐའོ་ཡིས་བསྟན་དོན། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་ནི་རྒྱུན་པར་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ཁྲོད་འཕར་སྣོན་གསོན་ཤུགས་དང་འཕེལ་རྒྱས་སྦས་ཤུགས། དཔལ་འབྱོར་བསྟུན་ཤུགས་བཅས་ཆེས་ཆེར་ལྡན་པའི་ས་ཁོངས་ཤིག་ཡིན་ཀྱང་། དཔལ་འབྱོར་དང་ཉོ་ཚོང་གི་འཕེལ་རྒྱས་ཐད་སྔར་བཞིན་བར་ཆད་དང་འགྲན་རྩོད་མང་བོ་གནས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་དཔལ་འབྱོར་ཚོགས་པས་མུ་མཐུད་དུ་སྒོ་འབྱེད་ཀྱི་ས་ཁོངས་རིང་ལུགས་རྒྱུན་འཁྱོངས་དང་། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་རང་དབང་ཉོ་ཚོང་ས་ཁུལ་གྱི་གོ་གནས་གཙོ་བོ་རྒྱུན་འཁྱོངས་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་དང་། སྔར་ལས་ལྷག་པའི་སྒོ་ནས་ཉོ་ཚོང་དངུལ་གཏོང་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། ས་ཁོངས་ཐོན་ལས་མུ་འབྲེལ་ཅན་དང་མཁོ་འདོན་མུ་འབྲེལ་ཅན་གྱི་མཉམ་འདྲེས་འཕེལ་རྒྱས་ལས་བྱུང་བའི་གོ་སྐབས་དང་ཁེ་ཕན་མཉམ་སྤྱོད་བྱེད་དགོས་པའི་འབོད་སྐུལ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།