པཱ་ཞི་ཡིས་ཉིས་སྟོང་ཉེར་ལྔ་ལོའི་མཉམ་འབྲེལ་རྒྱལ་ཚོགས་ནམ་ཟླའི་འགྱུར་ལྡོག་ཚོགས་ཆེན་སྤེལ་རྒྱུ་ཁྱབ་བསྒྲགས་བྱས།
2023.05.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

པཱ་ཞིའི་སྲིད་གཞུང་གིས་ཚེས་ཉེར་དྲུག་ཉིན་ཁྱབ་བསྒྲགས་བྱས་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་སྒྲོམ་གཞིའི་ཆིངས་ཡིག་བཀོད་པའི་རྒྱལ་ཁབ་ཀྱི་གྲོས་ཚོགས་ཐེངས་སུམ་ཅུ་བ་དེ་ཉིས་སྟོང་ཉེར་ལྔ་ལོའི་ལོ་མཇུག་ཏུ་ཡཱ་ནཱ་སོན་ས་ཁུལ་གྱི་པཱ་ཞིའི་ཕཱ་ལཱ་མངའ་སྡེའི་ལྟེ་གནས་གྲོང་ཁྱེར་པེ་ལོན་ནས་སྤེལ་རྒྱུ་ཡིན་ཟེར།

ཉིན་དེར། པཱ་ཞིའི་ཙུང་ཐུང་ལུའུ་ལཱ་དང་། ཕྱི་འབྲེལ་བློན་ཆེན་ཝེ་ཨེར་ལཱ། ཕཱ་ལཱ་མངའ་སྡེའི་མགོ་བ་པཱ་ཨར་པཱ་ལོས་བཅས་ཀྱིས་པཱ་ཞིའི་སྲིད་གཞུང་གི་སྤྱི་ཚོགས་སྨྱན་བྱད་སྟེང་སྤེལ་བའི་བརྙན་རིས་ལས་གནས་ཚུལ་དེ་ཁྱབ་བསྒྲགས་བྱས་ཡོད།

ལུའུ་ལཱ་ཡིས་བརྙན་རིས་ནང་བསྟན་དོན། པེ་ལོན་གྲོང་ཁྱེར་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་སྒྲོམ་གཞིའི་ཆིངས་ཡིག་བཀོད་པའི་རྒྱལ་ཁབ་ཀྱི་གྲོས་ཚོགས་ཐེངས་སུམ་ཅུ་བ་སྤེལ་སའི་གནས་སུ་གདམ་གསེས་བྱས་པ་ནི་ཕཱ་ལཱ་མངའ་སྡེའི་མི་དམངས་དང་པེ་ལོན་གྲོང་ཁྱེར། པཱ་ཞི་བཅས་ལ་མཚོན་ན་སྤྱིར་བཏང་མིན་པའི་འཕྲིན་བཟང་ཞིག་ཡིན་ཟེར། ཁོ་རང་ཞུགས་མྱོང་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་ཚོགས་ཆེན་སྟེང་། ཡཱ་མཱ་སོན་ནི་ནམ་ཡིན་ཡང་གླེང་གཞི་གཙོ་བོར་གྱུར་ཡོད། དེས་ན་ཡཱ་མཱ་སོན་ས་ཁུལ་དུ་ཡོད་པའི་མངའ་སྡེ་རུ་ནམ་ཟླའི་འགྱུར་ལྡོག་གི་ཚོགས་ཆེན་སྤེལ་ན་ལྷག་ཏུ་འཚམ་ཟེར།

ཝེ་ཨེར་ལཱ་ཡིས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཚེས་བཅོ་བརྒྱད་ཉིན་གྱི་དགོང་མོར་པེ་ལོན་གྲོང་ཁྱེར་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་སྒྲོམ་གཞིའི་ཆིངས་ཡིག་བཀོད་པའི་རྒྱལ་ཁབ་ཀྱི་གྲོས་ཚོགས་ཐེངས་སུམ་ཅུ་བ་སྤེལ་སའི་གནས་སུ་ཆོག་མཆན་བཀོད་ཡོད། པཱ་ཨར་པཱ་ལོས་ཀྱིས་བསྟན་དོན། འགན་ཁུར་བའི་སྒོ་ནས་པཱ་ཞིའི་གྲ་སྒྲིག་བྱ་བ་སྤེལ་རྒྱུ་ཡིན་པ་དང་། ཁོར་ཡུག་གྲོས་རིམ་ལས་ཡཱ་མཱ་སོན་ས་ཁུལ་གྱི་མི་དང་ཁོར་ཡུག་བར་གྱི་འབྲེལ་བ་འཆམ་མཐུན་ཡོང་བར་སྙོམས་སྒྲིག་བྱེད་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།