ལེ་པཱ་ནུན་གྱི་སུའུ་ཨར་སོ་ཁི་རྟེན་མཛོད་ཁང་ཞིག་གསོ་བྱས་རྗེས་ཡང་བསྐྱར་སྒོ་འབྱེད་བྱས།
2023.05.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

ལོ་ངོ་གསུམ་ཙམ་ལ་ཞིག་གསོ་བྱས་རྗེས། ལེ་པཱ་ནུན་གྱི་རྒྱལ་ས་པེ་རུ་ཐིའི་མིང་དུ་གྲགས་པའི་རིག་གནས་ས་རྟགས་སུའུ་ཨར་སོ་ཁི་རྟེན་མཛོད་ཁང་དེ་ཚེས་ཉེར་དྲུག་ཉིན་ཡང་བསྐྱར་མང་ཚོགས་ལ་སྒོ་འབྱེད་བྱས།

སུའུ་ཨར་སོ་ཁི་རྟེན་མཛོད་ཁང་གིས་དེང་རབས་ཀྱི་སྒྱུ་རྩལ་བརྩམས་ཆོས་ཉར་ཚགས་དང་འགྲེམ་སྟོན་བྱེད་པར་འབད་འབུངས་བྱེད་པ་དང་། རི་མོ དང་འབག་སྐུའི་བརྩམས་ཆོས་སྟོང་གཅིག་དང་ལྔ་བརྒྱ་ལྷག་དང་འདྲ་པར་རྩ་ཆེན་དང་འཕྲིན་ཤོག ལག་བྲིས་མ་ཡིག་བཅས་ཁྲི་གསུམ་ལྷག་ཉར་ཚགས་བྱས་ཡོད། ཉིས་སྟོང་ཉི་ཤུ་ལོའི་ཟླ་བརྒྱད་པར། སུའུ་ཨར་སོ་ཁི་རྟེན་མཛོད་ཁང་ལ་པེ་རུ་ཐི་གྲུ་ཁའི་འགས་གཏོར་ཆེན་མོའི་ཁྲོད་གཏོར་བརླག་ཚབས་ཆེན་ཐེབས་པ་རེད།

འཁྲུག་རྩོད་ས་ཁུལ་གྱི་ཤུལ་དངོས་སྲུང་སྐྱོབ་རྒྱལ་སྤྱིའི་མནའ་འབྲེལ་དང་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས། ཧྥ་རན་སི་དང་དབྱི་ཐཱ་ལེ་སོགས་ཀྱིས་མ་དངུལ་རོགས་སྐྱོར་བྱས་འོག སུའུ་ཨར་སོ་ཁི་རྟེན་མཛོད་ཁང་དེ་ལོ་ངོ་གསུམ་ཙམ་གྱི་རིང་གཏོར་བརླག་ཐེབས་པའི་ཁང་བ་དང་ཉར་ཚགས་བྱས་པའི་བརྩམས་ཆོས་ཀྱི་ཞིག་གསོ་བྱ་བ་ཡོངས་འགྲུབ་བྱས་ནས་ཡང་བསྐྱར་ལྟད་མོ་བར་སྒོ་འབྱེད་བྱས། ཚོད་དཔག་བྱས་ན་ལོ་རེར་ལྟད་མོ་བ་ཁྲི་བདུན་ལྷག་སྣེ་ལེན་བྱེད་ཐུབ།

སུའུ་ཨར་སོ་ཁི་རྟེན་མཛོད་ཁང་ནི་སྔོན་ཆད་ལེ་པཱ་ནུན་གྱི་ཉར་ཚགས་མཁན་དང་དགེ་སྒྲུབ་མཁན་སུའུ་ཨར་སོ་ཁི་ཡི་མི་སྒེར་གྱི་གཞིས་མིན་སྤྲོ་ཁང་ཡིན། གཅིག་སྟོང་དགུ་བརྒྱ་ང་གཉིས་ལོར་ཁོ་སྐུ་གཤེགས་རྗེས་པེ་རུ་ཐི་གྲོང་ཁྱེར་ལ་ཞལ་འདེབས་སུ་ཕུལ་ནས་རྟེན་མཛོད་ཁང་དུ་བསྒྱུར་བ་རེད། གཅིག་སྟོང་དགུ་བརྒྱ་རེ་གཅིག་ལོར། སུའུ་ཨར་སོ་ཁི་རྟེན་མཛོད་ཁང་ཐོག་དང་པོར་མང་ཚོགས་ལ་སྒོ་འབྱེད་བྱས་པ་རེད། རྟེན་མཛོད་ཁང་དེས་ས་གནས་རང་གི་རིག་གནས་འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་ཐོན་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།