ཟླ་ལྔ་བའི་ཚེས་ཉེར་བརྒྱད་ཉིན། སྐྱེས་པ་ཞིག་གིས་ཐུར་ཁེའི་ཨན་ཁཱ་ལཱའི་འདེམ་ཤོག་འཕེན་ས་ཞིག་ཏུ་འདེམ་ཤོག་འཕེན་བཞིན་པ།
ཟླ་ལྔ་བའི་ཚེས་ཉེར་བརྒྱད་ཉིན། བུད་མེད་ཅིག་གིས་ཐུར་ཁེའི་ཨན་ཁཱ་ལཱའི་འདེམ་ཤོག་འཕེན་ས་ཞིག་ཏུ་འདེམ་ཤོག་འཕེན་བཞིན་པ།
ཟླ་ལྔ་བའི་ཚེས་ཉེར་བརྒྱད་ཉིན། ཐུར་ཁེའི་ད་ལྟའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་དབྱི་སི་ཐན་པོར་ནས་འདེམ་ཤོག་འཕེན་པའི་བྱ་འགུལ་ལ་ཞུགས།
ཟླ་ལྔ་བའི་ཚེས་ཉེར་བརྒྱད་ཉིན། ཐུར་ཁེའི་ངོ་རྒོལ་ཏང་མི་རིགས་མནའ་འབྲེལ་སྒར་སའི་འདེམ་སྒུག་པ་ཁ་ལེ་ཆི་ཏཱ་ཨར་ཨོ་ལུའུ་ཨན་ཁཱ་ལཱ་ནས་འདེམ་ཤོག་འཕེན་པའི་བྱ་འགུལ་ལ་ཞུགས།
ཐུར་ཁེའི་ཙུང་ཐུང་འདེམ་བསྐོའི་སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་པའི་བྱ་འགུལ་དེ་ཚེས་ཉེར་བརྒྱད་ཉིན་གྱི་ཞོགས་པའི་དུས་ཚོད་བརྒྱད་སྟེང་སྤེལ་མགོ་བརྩམས། ད་ལྟའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་དང་ངོ་རྒོལ་ཏང་མི་རིགས་མནའ་འབྲེལ་སྒར་སའི་འདེམ་སྒུག་པ་ཁ་ལེ་ཆི་ཏཱ་ཨར་ཨོ་ལུའུ་གཉིས་ཀྱིས་ཆེས་མཇུག་མཐའི་འགྲན་རྩོད་བྱེད་རྒྱུ་རེད།
ཚེས་ཉེར་བརྒྱད་ཉིན་གྱི་སྔ་དྲོར། གསར་འགོད་པས་ཐུར་ཁེའི་རྒྱལ་ས་ཨན་ཁཱ་ལཱའི་སྡེ་ཁུལ་གྱི་འདེམ་ཤོག་འཕེན་ས་གཉིས་ནས། འདེམ་དམངས་ཚོ་སྔ་མོ་ནས་འདེམ་ཤོག་འཕེན་སར་གྲལ་རིང་བསྒྲིགས་ཡོད་པ་མཐོང་། ཐོབ་ཐང་དཔྱད་ཞིབ་བྱས་རྗེས། འདེམ་དམངས་རེ་རེས་འདེམ་སྒུག་པའི་རུས་མིང་དང་ཏང་ཁག འདྲ་པར་བཅས་ཡོད་པའི་འདེམ་ཤོག་རེ་ལེན་བཞིན་ཡོད། ཉེན་རྟོག་ཕྱོགས་ཀྱིས་འདེམ་ཤོག་འཕེན་སར་དམག་མི་བཀོད་སྒྲིག་བྱས་ཡོད་ལ། འདེམ་ཤོག་འཕེན་པའི་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། འདེམ་ཤོག་འཕེན་པའི་བྱ་འགུལ་དེ་ཚེས་ཉེར་བརྒྱད་ཉིན་གྱི་ཕྱི་དྲོའི་དུས་ཚོད་ལྔའི་སྟེང་མཇུག་སྒྲིལ་རྒྱུ་རེད། ཐོག་མའི་འདེམ་ཤོག་རྩིས་ལེན་གྱི་མཇུག་འབྲས་དེ་ཚོད་དཔག་བྱས་ན་ཚེས་ཉེར་བརྒྱད་ཉིན་གྱི་ནམ་གུང་ཁྱབ་བསྒྲགས་བྱེད་རྒྱུ་ཡིན་པ་དང་། དངོས་གཞིའི་མཇུག་འབྲས་དེ་ཚོད་དཔག་བྱས་ན་ཟླ་དྲུག་པའི་ཚེས་གཅིག་ཉིན་ཐུར་ཁེའི་ཆེས་མཐོའི་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཁྱབ་བསྒྲགས་བྱེད་རྒྱུ་རེད།
ཐུར་ཁེའི་ཆེས་མཐོའི་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་བསྒྲགས་པའི་གཞི་གྲངས་ལྟར་ན། ཐུར་ཁེ་རུ་ཐོ་འགོད་བྱས་པའི་འདེམ་དམངས་བྱེ་བ་དྲུག་དང་ས་ཡ་བཞི་འབུམ་གཅིག་ཙམ་ཡོད་པ་དང་། དེའི་ནང་ཕྱི་རྒྱལ་གྱི་ཐོ་འགོད་བྱས་པའི་འདེམ་དམངས་ས་ཡ་གསུམ་དང་འབུམ་བཞི་ཙམ་ཡོད། ཕྱི་རྒྱལ་གྱི་འདེམ་དམངས་དག་གི་སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་པའི་བྱ་འགུལ་དེ་ཟླ་འདིའི་ཚེས་ཉེར་བཞི་ཉིན་མཇུག་སྒྲིལ་ཡོད།
ཐུར་ཁེའི་དམངས་ཀྱི་འདོད་བློའི་རྟོག་ཞིབ་ལས་ཁུངས་ཀྱིས་ཚེས་ཉེར་ལྔ་ཉིན་ཁྱབ་བསྒྲགས་བྱས་པའི་དམངས་ཀྱི་འདོད་བློའི་མཇུག་འབྲས་ཤིག་ལས་མངོན་པ་ལྟར་ན། ཨེ་ཨར་ཏའོ་ཨན་གྱི་རྒྱབ་སྐྱོར་ཀྱི་ཚད་ཁི་ལེ་ཆི་ཏཱ་ཨར་ཨོ་ལུའུ་ལས་མཐོ་བར་མངོན། ཐུར་ཁེའི་སྨྱན་བྱད་ཀྱིས་བསྟན་དོན། འདས་པའི་ཟླ་ངོ་འགའི་ནང་། ས་དེའི་ཟས་རིགས་ཀྱི་རིན་གོང་མྱུར་མོར་འཕར་བ་དང་། མང་ཚོགས་ཀྱི་ཉོ་བསྡུའི་ནུས་པ་ཇེ་ཞན་དུ་སོང་ཡོད་པས། དཔལ་འབྱོར་དང་དམངས་འཚོ་དེ་ཐེངས་འདིའི་ཙུང་ཐུང་འདེམ་བསྐོའི་གྲོས་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད། སུ་ལ་རྒྱལ་ཁ་ཐོབ་ཀྱང་སྲིད་གཞུང་གསར་བའི་ལས་འགན་གཙོ་བོ་ནི་དཔལ་འབྱོར་སླར་གསོ་བྱེད་པ་དང་དམངས་ཀྱི་འཚོ་བའི་གནད་དོན་ཐག་གཅོད་བྱེད་རྒྱུ་དེ་རེད་ཟེར།
ཐུར་ཁེའི་ཙུང་ཐུང་གི་འགན་ཡུན་ལོ་ལྔ་ཡིན་པ་དང་། སྐོར་ཐེངས་གཉིས་ཀྱི་འདེམ་ཤོག་འཕེན་པའི་ལམ་ལུགས་སྤྱད་ནས་དམངས་ཡོངས་ཀྱིས་ཐད་ཀར་འདེམ་བསྐོ་བྱེད་པ་རེད། གལ་ཏེ་སྐོར་ཐེངས་དང་པོའི་འདེམ་ཤོག་འཕེན་པའི་བྱ་འགུལ་ཁྲོད་འདེམ་སྒུག་པ་གང་རུང་གི་འདེམ་ཤོག་ཁ་གྲངས་ཕྱེད་ཀ་ལས་བརྒལ་མེད་ཚེ། འདེམ་ཤོག་ཐོབ་ཚད་ཆེས་མང་བའི་འདེམ་སྒུག་པ་གཉིས་སྐོར་ཐེངས་གཉིས་པའི་འགྲན་རྩོད་ལ་ཞུགས་དགོས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།