ཐུར་ཁེའི་ཆེས་མཐོའི་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཡེ་ནེ་ཨར་གྱིས་ཚེས་ཉེར་བརྒྱད་ཉིན་གྱི་ནམ་གུང་རྒྱལ་ས་ཨན་ཁཱ་ལཱ་ནས་ཁྱབ་བསྒྲགས་བྱས་དོན། འདེམ་ཤོག་རྩིས་ལེན་བྱས་པའི་ཐོག་མའི་མཇུག་འབྲས་ལྟར་ན། ད་ལྟའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་ཚེས་ཉེར་བརྒྱད་ཉིན་སྤེལ་བའི་ཙུང་ཐུང་འདེམ་བསྐོའི་སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་པའི་བྱ་འགུལ་ཁྲོད་འགྲན་ཡ་ལས་རྣམ་པར་རྒྱལ་ནས། ཡང་བསྐྱར་ཙུང་ཐུང་དུ་བདམས་ཐོན་བྱུང་ཡོད་ཟེར།
ཡེ་ནེ་ཨར་གྱིས་བཤད་རྒྱུར། བརྒྱ་ཆའི་གོ་དགུ་དང་གྲངས་ཆུང་བཞི་གསུམ་གྱི་འདེམ་ཤོག་འཕེན་སའི་འདེམ་ཤོག་རྩིས་ལེན་བྱས་པའི་མཇུག་འབྲས་ལྟར་ན། ཨེ་ཨར་ཏའོ་ཨན་ལ་བརྒྱ་ཆའི་ང་གཉིས་དང་གྲངས་ཆུང་གཅིག་བཞིའི་འདེམ་ཤོག་ཐོབ་ཡོད་པ་དང་། ངོ་རྒོལ་ཏང་མི་རིགས་མནའ་འབྲེལ་སྒར་སའི་འདེམ་སྒུག་པ་ཁ་ལེ་ཆི་ཏཱ་ཨར་ཨོ་ལུའུ་ལ་བརྒྱ་ཆའི་ཞེ་བདུན་དང་གྲངས་ཆུང་བརྒྱད་དྲུག་གི་འདེམ་ཤོག་ཐོབ་ཡོད་ཟེར།
ཨེ་ཨར་ཏའོ་ཨན་གྱིས་ཉིན་དེའི་དགོང་མོར་གཏམ་བཤད་སྤེལ་ནས་འདེམ་དམངས་ཀྱིས་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས་པ་དང་། རྒྱབ་སྐྱོར་མཁན་གྱི་ཡིད་ཆེས་སྟོང་ཟད་དུ་གཏོང་མི་སྲིད་པའི་ཚུལ་བསྟན། ཁོས་ད་རུང་ཐུར་ཁེའི་རྒྱལ་འཛུགས་ཀྱི་བརྒྱ་ལོ་རྗེས་མའི་ཆེད་དུ་བྱ་བར་འབད་འབུངས་བྱེད་རྒྱུ་ཁས་ལེན་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།