ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་པར་སྐྲུན་པར་འདེབས་བརྗེ་རེས་མཉམ་ལས་གླེང་སྟེགས་ཟླ་ལྔ་བའི་ཚེས་ཉེར་བདུན་ཉིན་མཱ་ལེ་ཞི་ཡཱའི་རྒྱལ་ས་ཅི་ལུང་ཕའོ་ནས་བདེ་བླག་ངང་སྤེལ། ཐེངས་འདིའི་གླེང་སྟེགས་ནི་སྐབས་བཞི་བཅུ་བའི་ཅི་ལུང་ཕའོ་རྒྱལ་སྤྱིའི་དཔེ་དེབ་འགྲེམ་སྤེལ་གྱི་ཀྲུང་གོའི་མགྲོན་བདག་རྒྱལ་ཁབ་ཀྱི་བྱ་འགུལ་གྱི་ནང་དོན་གལ་ཆེན་ཞིག་ཡིན་པ་དང་། པར་འདེབས་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་རྒྱལ་སྤྱིའི་བརྗེ་རེས་མཉམ་ལས་ཞེས་པ་བརྗོད་སྙིང་དུ་བཟུང་ཡོད།
དམིགས་ཡུལ་ནི་ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་པར་སྐྲུན་པར་འདེབས་ལས་རིགས་ཀྱི་བརྗེ་རེས་དང་དཔེར་འཛིན། སྒོ་འབྱེད་མཉམ་ལས་བཅས་ལ་ཤུགས་སྣོན་པའི་བྱེད་དུ་རེད། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་འགན་ཁུར་བློ་མཐུན་དང་། མཱ་ལེ་ཞི་ཡཱའི་གནས་སྐོར་དང་སྒྱུ་རྩལ། རིག་གནས་བཅས་ཀྱི་པུའུ་ཀྲང་སོགས་གླེང་སྟེགས་ལ་ཞུགས་ནས་ཞུ་ཚིག་ཕུལ།
ཐེངས་འདིའི་གླེང་སྟེགས་ནས་གཙོ་བོ་ཀྲུང་གོའི་པར་སྐྲུན་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ད་ལྟའི་གནས་བབ་དང་མ་འོངས་རེ་འདུན་མཚམས་སྦྱོར་བྱས་པ་དང་། གྲངས་ལྡན་ཅན་གྱིས་ཀྲུང་གོའི་པར་འདེབས་རིག་ནུས་ཅན་ལ་འགན་ནུས་སྩོལ་བའི་འཕེལ་རྒྱས་གནས་བབ་རྒྱས་བཤད་བྱས་ཏེ། ཀྲུང་གོའི་ཀྲུའུ་སན་ཅོ་པར་འདེབས་ལས་རིགས་ཀྱི་ཕྱི་ཕྱོགས་སྒོ་འབྱེད་སྦྲེལ་མཐུད་སྟེགས་བུར་བརྟེན་ནས་རྒྱལ་སྤྱིའི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་བྱེད་པའི་རེ་འདུན་དང་ཡིད་ཆེས་མཚོན་པར་བྱས་ཡོད། གླེང་སྟེགས་ལ་ཞུགས་པའི་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་སོ་སོའི་འཐུས་མིས་སོ་སོར་རྒྱལ་ཁབ་རང་གི་པར་འདེབས་ལས་རིགས་ཀྱི་འཕེལ་རྒྱས་གནས་བབ་དང་ཐོན་ལས་ཁྱད་ཆོས་མཚམས་སྦྱོར་བྱས་པར་མ་ཟད། མཉམ་ལས་སྦས་ཤུགས་སྔོག་འདོན་དང་མཉམ་ལས་ཁྱབ་ཁོངས་རྒྱ་བསྐྱེད་པའི་ཐད་ནས་བརྗེ་རེས་ཟབ་མོ་བྱས། ཀྲུང་གོའི་ཀོང་ཏུང་ཞིང་ཆེན་པར་འདེབས་ལས་རིགས་མཐུན་ཚོགས་དང་། མཱ་ལེ་ཞི་ཡཱའི་པར་འདེབས་ཚོང་ཚོགས། སིང་ག་ཕོར་གྱི་པར་འདེབས་དང་སྨྱན་བྱད་ལས་རིགས་སྤྱི་མཐུན་ཚོགས་པ། ཐེ་གོའི་པར་འདེབས་མཐུན་ཚོགས་བཅས་ཀྱིས་ཕྱོགས་བཞིའི་མཛའ་མཐུན་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཀོད། ཀྲུང་གོ་དང་མཱ་ལེ་ཞི་ཡཱའི་པར་འདེབས་ཁེ་ལས་མང་བོས་དངུལ་གཏོང་མཉམ་ལས་དང་ཚོང་རའི་རྒྱ་བསྐྱེད། ལག་རྩལ་རྒྱབ་སྐྱོར་བཅས་ལ་དམིགས་ཏེ་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཀོད།
བསོད་ནམས་ཚེ་རིང་གིས་བསྒྱུར།