ཨེ་ཅིབ་ཀྱི་ཙུང་ཐུང་བཞུགས་ཤག་གིས་ཚེས་ཉེར་དགུ་ཉིན་གསལ་སྒྲོག་སྤེལ་ཏེ། ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་དང་ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ མྱུར་མོར་ཕྱི་ཕྱོགས་འབྲེལ་བ་མཐོར་འདེགས་བྱས་ནས་ཕན་ཚུན་ལ་གཞུང་ཚབ་ཆེན་མོ་མངག་གཏོང་བྱེད་པར་འཐད་པ་བྱུང་།
གསལ་སྒྲོག་ལས་བཤད་རྒྱུར། སེ་ཞི་ཡིས་ཉིན་དེར་ཨེ་ཨར་ཏའོ་ཨན་དང་ཁ་པར་གྲོས་མོལ་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཕྱོགས་གཉིས་ཀྱི་མཉམ་ལས་ལ་ཤུགས་སྣོན་པར་ཡིད་འཐད་བྱུང་ཟེར།
ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་ཆཱ་ཝུའུ་ཧྲི་ཨོ་ལུའུ་ཡིས་ཟླ་སྔོན་མར་འཚམས་འདྲིར་ཡོང་བའི་ཕྱི་འབྲེལ་བློན་ཆེན་ཧྲུའུ་ཁའེ་ལི་དང་གྲོས་མོལ་བྱས། ཆཱ་ཝུའུ་ཧྲི་ཨོ་ལུའུ་ཡིས་བསྟན་དོན། ཐུར་ཁེ་དང་ཨེ་ཅིབ་ཀྱིས་ཕྱོགས་གཉིས་ཀྱི་འབྲེལ་བ་ལེགས་བཅོས་བྱེད་པར་འཐད་པ་བྱུང་ནས། རྒྱལ་ཁབ་གཉིས་ཀྱི་ཕྱི་ཕྱོགས་འབྲེལ་བས་གཞུང་ཚབ་ཆེན་མོའི་རིམ་པ་སླར་གསོ་བྱེད་རྒྱུ་ཡིན་ཟེར།
ཉིས་སྟོང་བཅུ་གསུམ་ལོར་ཨེ་ཅིབ་ཀྱི་སྔོན་ཆད་ཀྱི་ཙུང་ཐུང་མུའུ་ཨར་ཞི་ཡི་ལས་འགན་བླངས་རྗེས། ཨེ་ཅིབ་དང་ཐུར་ཁེའི་འབྲེལ་བ་ཇེ་སྡུག་ཏུ་སོང་བ་དང་། རྒྱལ་ཁབ་གཉིས་ཀྱིས་དེའི་རྗེས་སུ་ཕྱི་ཕྱོགས་འབྲེལ་བའི་རིམ་པ་ཇེ་དམའ་རུ་བཏང་བ་རེད། ཐུར་ཁེ་དང་ཨེ་ཅིབ་ཀྱིས་ཉིས་སྟོང་ཉེར་གཅིག་ལོ་ནས་བཟུང་མཐོ་རིམ་ཕྱི་འབྲེལ་དཔོན་པོའི་གྲོས་མོལ་བྱེད་མགོ་བརྩམས་པ་དང་། ཁྱད་པར་དུ་ཉེ་བའི་ཟླ་ངོ་འགའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མངོན་གསལ་གྱིས་ཇེ་ལེགས་སུ་སོང་སྟེ། ཕྱོགས་གཉིས་ཀྱི་མཉམ་འབྲེལ་བྱ་བ་སྔར་ལས་ཇེ་མང་དུ་སོང་ཡོད།
བསོད་ནམས་ཚེ་རིང་།