ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་ཉེར་དགུ་ཉིན་བཀའ་རྒྱ་བཀོད་དེ། ཡོ་རོབ་གླིང་གི་རྒྱུན་སྲོལ་དྲག་ཆས་སྟོབས་ཤུགས་ཆིངས་ཡིག་རྩིས་མེད་དུ་བཏང་།
ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཉིན་དེར་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཨུ་རུ་སི་ཡིས་ཡོ་རོབ་གླིང་གི་རྒྱུན་སྲོལ་དྲག་ཆས་སྟོབས་ཤུགས་ཆིངས་ཡིག་རྩིས་མེད་དུ་བཏང་བའི་ཆོད་དོན་ལས་ཐད་ཀར་གྱི་མཇུག་འབྲས་འབྱུང་མི་སྲིད་པར་འདོད། རྒྱུ་མཚན་ནི་འབྲེལ་ཡོད་རྐྱེན་སྲོལ་དེ་མིང་ཙམ་ལས་དོན་དངོས་སུ་མེད་ལ། དེ་ནི་ཨུ་རུ་སིའི་ཕྱོགས་ཀྱིས་ནོར་འཆུག་མིན་པས་ཡིན་ཟེར།
ཕའེ་སི་ཁི་ཧྥུའུ་ཡིས་བཤད་རྒྱུར། མིག་སྔར་དམག་ཆས་ཚོད་འཛིན་དང་འཐབ་ཇུས་གཏན་འཇགས་ཐད་སྟོང་ཆ་མང་བོ་ལུས་ཡོད་ལ། རྒྱལ་སྤྱིའི་བཅའ་ཁྲིམས་ཡིག་ཆ་གསར་བས་ཁ་བསྐང་བྱས་ཏེ་གནས་བབ་ལ་མཐུན་སྦྱོར་བྱེད་དགོས་ཡོད་ཟེར།
ཁོས་བཤད་རྒྱུར། དེ་འཛམ་གླིང་གི་ཁེ་ཕན་དང་འཚམ་ཡང་། སྔོན་འགྲོའི་ཆ་རྐྱེན་ནི་ཨུ་རུ་སི་དང་ནུབ་ཕྱོགས་རྒྱལ་ཁབ་བར་ལག་བསྟར་བྱས་ནས་ཕན་ནུས་ལྡན་པའི་ཕྱོགས་གཉིས་ཀྱི་འབྲེལ་བ་ཞིག་དགོས་པ་ཡིན་ཡིན་ཡང་། མིག་སྔར་འབྲེལ་བ་དེ་རིགས་མེད་པར་མ་ཟད། དེའི་ནོར་འཆུག་ཀྱང་ཨུ་རུ་སི་ལ་མེད་ཟེར།
བྱང་ཆིངས་རྩ་འཛུགས་དང་ཧྭ་ཡོ་ཡིས་གཅིག་སྟོང་དགུ་བརྒྱ་དགུ་བཅུ་ལོར་ ཡོ་རོབ་གླིང་གི་རྒྱུན་སྲོལ་དྲག་ཆས་སྟོབས་ཤུགས་ཆིངས་ཡིག་བཀོད་པ་དང་། ཆིངས་ཡིག་དེས་དམག་དོན་སྡེ་ཚོགས་ཆེན་མོ་དེ་གཉིས་ཀྱི་རིགས་སྣ་ཚོགས་ཀྱི་རྒྱུན་སྲོལ་མཚོན་ཆའི་སྤྱི་གྲངས་དང་དཔྱད་ཞིབ་བྱེད་ཐབས་སོགས་ལ་གཏན་འཁེལ་བྱས་ཡོད། ཧྭ་ཡོ་ཐོར་བ་དང་སུའུ་ལེན་ཁ་ཐོར་དུ་སོང་རྗེས། གཅིག་སྟོང་དགུ་བརྒྱ་གོ་དགུ་ལོར་ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་མགོ་གཙོའི་གྲོས་ཚོགས་ནས་ཡོ་རོབ་གླིང་གི་རྒྱུན་སྲོལ་དྲག་ཆས་སྟོབས་ཤུགས་ཆིངས་ཡིག་གི་བཟོ་བཅོས་གྲོས་མཐུན་ལ་གྲོས་འཆམ་བྱུང་བ་དང་། ཨུ་རུ་སི་ཡིས་ཉིས་སྟོང་བཞི་ལོར་གྲོས་མཐུན་དེར་ཆོག་མཆན་བཀོད་ཀྱང་། བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་ད་ལྟའི་བར་ཆོག་མཆན་བཀོད་ཡོད། བྱང་ཆིངས་རྩ་འཛུགས་ཀྱིས་བསྟུད་མར་ཤར་ཕྱོགས་སུ་རྒྱ་བསྐྱེད་པའི་དབང་གིས་ཨུ་རུ་སིའི་ཕྱོགས་ཀྱིས་ཉིས་སྟོང་བདུན་ལོར་ཡོ་རོབ་གླིང་གི་རྒྱུན་སྲོལ་དྲག་ཆས་སྟོབས་ཤུགས་ཆིངས་ཡིག་དེ་ལག་བསྟར་བྱེད་མཚམས་བཞག་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།