སི་རི་ཡཱའི་དམག་ཕྱོགས་ཀྱིས་ཚེས་ཉེར་བརྒྱད་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱིས་ཉིན་དེའི་དགོང་མོར་སི་རི་ཡཱའི་རྒྱལ་ས་ཏཱ་མཱ་ཧྲི་ཀིའི་ཉེ་འཁོར་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས་ཏེ། སྒྲིག་ཆས་སྐོར་ཞིག་ལ་གཏོར་བརླག་ཐེབས་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ཚེས་ཉེར་བརྒྱད་ཉིན་གྱི་དགོང་མོའི་དུས་ཚོད་བཅུ་གཅིག་དང་སྐར་མ་ཞེ་ལྔའི་ཡས་མས་སུ། དབྱི་སི་རལ་གྱིས་རང་གིས་བཙན་བཟུང་བྱས་པའི་ཀི་ལན་མཐོ་སྒང་ཕྱོགས་ནས། ཏཱ་མཱ་ཧྲི་ཀིའི་ཉེ་འཁོར་གྱི་ས་ཁུལ་སྐོར་ཞིག་ལ་བར་སྣང་འཇབ་རྒོལ་བྱས་པ་དང་། སི་རི་ཡཱའི་མཁའ་སྲུང་མ་ལག་གིས་འཕུར་མདའ་སྐོར་ཞིག་བཀག་པའམ་སར་འཕངས་བ་རེད།
གསལ་སྒྲོག་ལས་ད་རུང་བསྟན་དོན། ཐེངས་འདིའི་འཇབ་རྒོལ་ལས་སྒྲིག་ཆས་སྐོར་ཞིག་ལ་གཏོར་བརླག་ཐེབས་ཀྱང་། མི་སྣར་ཤི་རྨས་བཟོས་མེད་ཟེར། གསལ་སྒྲོག་དེ་ལས་འཇབ་རྒོལ་ཐེབས་སའི་བྱེ་བྲག་གི་ནང་དོན་གསལ་བོར་གླེང་མེད།
ཉིས་སྟོང་བཅུ་གཅིག་ལོར་སི་རི་ཡཱའི་ནང་འཁྲུག་བྱུང་བའི་རྗེས་སུ། དབྱི་སི་རལ་དམག་ཕྱོགས་ཀྱིས་ཐེངས་མང་བོར་དབྱི་ལིང་གི་དམག་དོན་སྒྲིག་ཆས་ལ་ཆམ་ཕབ་གཏོང་བ་རྒྱུ་མཚན་དུ་བྱས་ཏེ་སི་རི་ཡཱའི་མངའ་ཁོངས་ཀྱི་དམིགས་འབེན་ལ་བར་སྣང་འཇབ་རྒོལ་བྱས་མྱོང་། སི་རི་ཡཱའི་དབྱི་ལིང་སྲིད་གཞུང་གིས་དབྱི་ལིང་གི་དམག་དཔུང་སི་རི་ཡཱ་རུ་བཅའ་སྡོད་བྱས་ཡོད་པ་ཁས་ལེན་བྱས་མེད།
བསོད་ནམས་ཚེ་རིང་གིས་བསྒྱུར།