ཚོགས་ཡུན་ཉིན་གཅིག་ཡིན་པའི་མེ་གླིང་ལྷོ་མའི་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་ཚེས་སུམ་ཅུ་ཉིན་པཱ་ཞིའི་རྒྱལ་ས་པཱ་ཞི་ལེ་ཡཱ་ནས་ཚོགས་མགོ་བརྩམས་པ་དང་། པཱ་ཞིའི་ཙུང་ཐུང་ལུའུ་ལཱ་ཡིས་ཞུ་ཚིག་འབུལ་སྐབས་ས་ཁུལ་གཞི་གཅིག་ཅན་གྱི་རྐྱེན་སྲོལ་སླར་གསོ་བྱེད་དགོས་པའི་འབོད་སྐུལ་བཏང་།
ལུའུ་ལཱ་ཡིས་བཤད་རྒྱུར། མེ་གླིང་ལྷོ་མའི་ས་ཁོངས་གཞི་གཅིག་ཅན་གྱི་ལས་འགན་གལ་འགངས་ཆེ་བ་དང་། མེ་གླིང་ལྷོ་མའི་རྒྱལ་ཁབ་སོ་སོས་ཡང་བསྐྱར་ཐུན་མོང་རེ་འདུན་གཏན་འཁེལ་བྱེད་པ་དང་རྒྱུན་མཐུད་འཕེལ་རྒྱས་དང་། ཞི་བདེ། མི་དམངས་ཀྱི་བདེ་སྐྱིད་བཅས་ཀྱི་འབྲེལ་ཡོད་འགུལ་སྐྱོད་སླར་གསོ་བྱེད་འདོད་ཡོད་ཟེར། ཁོས་སྟོབས་དང་ལྡན་ཞིང་ཡིད་ཆེས་ཡོད་ལ། ཆབ་སྲིད་ཐད་རྩ་འཛུགས་ཡོད་པའི་མེ་གླིང་ལྷོ་མ་ཞིག་འཛུགས་དགོས་པ་དང་། གླེང་སྟེགས་ཤིག་བཙུགས་ནས་མེ་གླིང་ལྷོ་མའི་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་དུས་བཅད་ལྟར་གྲོས་བསྡུར་དང་རྒྱལ་ཁབ་སོ་སོའི་འགུལ་སྐྱོད་ལ་མཛུབ་སྟོན་བྱས་ནས། ཕྱོགས་མང་བོའི་གཞི་གཅིག་ཅན་ལ་ཤུགས་སྣོན་བྱེད་དགོས་པའི་འབོད་སྐུལ་བཏང་།
ལུའུ་ལཱ་ཡིས་རྒྱ་ཆེ་བའི་མཉམ་ལས་འཆར་གཞི་ཞིག་བཏོན། དེའི་ནང་ཉོ་ཚོང་རྩིས་སྤྲོད་ཐད་བཀོལ་ཆོག་པའི་ས་ཁུལ་གྱི་ཐུན་མོང་དངུལ་ལོར་གསར་འཛུགས་བྱས་ནས་ཕྱི་དངུལ་ལ་བརྟེན་པའི་སྣང་ཚུལ་ཇེ་ཆུང་དུ་གཏོང་བ་དང་། གསར་སྤེལ་དངུལ་ཁང་གི་འགུལ་སྐྱོད་ལ་མཐུན་སྦྱོར་བྱས་ནས་ས་ཁུལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རིམ་པ་མཐོ་བའི་ཆབ་སྲིད་གྲོས་བསྡུར་རྐྱེན་སྲོལ་འཛུགས་པ་སོགས་འདུས། དེ་ལས་གཞན་ཁོས་མེ་གླིང་ལྷོ་མའི་རྒྱལ་ཁབ་ཀྱི་འགོག་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་སླར་གསོ་བྱེད་པ་དང་། འབྲེལ་ཡོད་ཀྱི་གསོ་སྦྱོང་དང་སློབ་གསོའི་ནུས་པ་མཐོར་འདེགས་བྱས་ཏེ། དམག་དོན་བཟོ་ལས་དང་འགོག་སྲུང་སྲིད་ཇུས་ཐད་ཀྱི་ཉམས་མྱོང་དང་ཤེས་བྱའི་བརྗེ་རེས་ལ་ཤུགས་སྣོན་དགོས་པ་ནན་གྱིས་བསྟན།
མེ་གླིང་ལྷོ་མའི་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་དེ་ལུའུ་ལཱ་ཡིས་གྲོས་གཞི་བཏོན་པ་ལྟར་སྤེལ་བ་ཡིན་ལ། མེ་གླིང་ལྷོ་མའི་རྒྱལ་ཁབ་བཅུ་གཉིས་ཁྲོད་ཕེ་རུ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་མགོ་ཁྲིད་པ་ཚང་མ་གདན་ཞུས་ལྟར་ཞུགས་ཡོད་ལ། ཕེ་རུའི་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཨོ་ཐཱ་ལོ་ལཱ་གྲོས་ཞུགས་ལ་ཞུགས་ཡོད། པཱ་ཞིའི་ཕྱི་འབྲེལ་པུའུ་ཡི་དཔོན་རིགས་ཀྱིས་བསྟན་དོན། ཐེངས་འདིའི་གྲོས་ཚོགས་ནས་མེ་གླིང་ལྷོ་མའི་རྒྱལ་ཁབ་ཀྱི་གྲོས་མོལ་དང་མཉམ་ལས་རྐྱེན་སྲོལ་གསར་བ་གསར་འཛུགས་དང་བསྐྱར་འཛུགས་བྱེད་པར་མཉམ་གྲོས་བྱས་ཤིང་། ས་ཁུལ་གྱི་གལ་ཆེན་རང་བཞིན་གྱི་གནད་དོན་ལ་གྲོས་བསྡུར་བྱེད་པ་དང་། འཛམ་གླིང་ཡོངས་ཀྱི་ལས་དོན་གྱི་ཐུན་མོང་རྣམ་པ་ཆགས་པ་དང་ས་ཁུལ་གྱི་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།