པུའུ་ཁི་ནཱ་ཧྥ་སོའི་ནུབ་བྱང་ས་ཁུལ་དུ་འཇབ་རྒོལ་དོན་རྐྱེན་ཐེངས་གཉིས་བྱུང་སྟེ་མི་བཞི་བཅུ་ཙམ་ལ་ཤི་རྨས་བཟོས།
2023.05.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

པུ་ཁི་ནཱ་ཧྥ་སོའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཟླ་ལྔ་བའི་ཚེས་སུམ་ཅུ་ཉིན་རྒྱལ་ཁབ་དེའི་ནུབ་བྱང་ཕྱོགས་ཀྱི་པུའུ་ཁི་ལའེ་ཏིས་མུའུ་ཧོང་ས་ཁུལ་ཆེན་མོར་གཟའ་འཁོར་སྔོན་མའི་མཇུག་ཏུ་འཇབ་རྒོལ་དོན་རྐྱེན་ཐེངས་གཉིས་བྱུང་སྟེ། བསྡོམས་པས་མི་བཞི་བཅུ་ཙམ་ལ་ཤི་རྨས་བཟོས་ཡོད་ཟེར།

པུའུ་ཁི་ལའེ་ཏིས་མུའུ་ཧོང་ས་ཁུལ་ཆེན་མོའི་སྲིད་གཞུང་གིས་ཚེས་ཉེར་བརྒྱད་ཉིན་གསལ་སྒྲོག་ཅིག་ལས་བཤད་རྒྱུར། དྲག་ཆས་རླངས་འཁོར་རུ་ཁག་ཅིག་ལ་ཚེས་ཉེར་བདུན་ཉིན་ས་ཁུལ་ཆེན་མོ་དེའི་པུའུ་ལཱ་སོ་ས་ཁུལ་དུ་འཇབ་རྒོལ་ཐེབས། གསལ་སྒྲོག་ལས་ཤི་རྨས་ཐེབས་པའི་མི་གྲངས་གསལ་བོར་བཤད་མེད། ས་དེའི་འབྲེལ་ཡོད་མི་སྣ་ཞིག་གིས་ཚེས་སུམ་ཅུ་ཉིན་བཤད་རྒྱུར། མི་ཉི་ཤུ་ཙམ་ཐེངས་འདིའི་འཇབ་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར་ཡོད་ལ། འདས་པོ་མང་ཆེ་བ་ནི་དམངས་དམག་རེད་ཟེར།

ས་དེའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། འཇིགས་སྐུལ་ཉེས་ཅན་སྐོར་ཞིག་གིས་ཚེས་ཉེར་བརྒྱད་ཉིན་པུའུ་ཁི་ལའེ་ཏིས་མུའུ་ཧོང་ས་ཁུལ་ཆེན་མོའི་ཝ་ཁ་ལཱ་སྡེ་བར་འཇབ་བརྒོལ་བྱས་ཏེ། མི་ཉི་ཤུ་ཙམ་རྐྱེན་ལམ་དུ་ཤོར་ཟེར།

གཞན་ཡང་བདེ་འཇགས་མི་སྣ་ཞིག་གིས་བཤད་རྒྱུར། བདེ་འཇགས་མི་སྣས་འཇབ་རྒོལ་དོན་རྐྱེན་དེ་གཉིས་ཀྱི་ཁྲོད་དུ་བསྡོམས་པས་འཇིགས་སྐུལ་ཉེས་ཅན་བཅུ་ཕྲག་འགའ་བསད་ཡོད་ཟེར།

ཉིས་སྟོང་བཅོ་ལྔ་ལོའི་ཚུན་ལ། པུའུ་ཁི་ནཱ་ཧྥ་སོ་རུ་དྲག་ཆས་འཇབ་རྒོལ་དོན་རྐྱེན་མང་དུ་བྱུང་ནས། བདེ་འཇགས་གནས་བབ་ཧ་ཅང་ཛ་དྲག་ཡིན། ཟླ་འདིའི་ཚེས་བཅུ་གཅིག་ཉིན། དྲག་ཆས་ཉེས་ཅན་གྱིས་པུའུ་ཁི་ལའེ་ཏིས་མུའུ་ཧོང་ས་ཁུལ་ཆེན་མོའི་མུའུ་ཧོང་ཞིང་ཆེན་གྱི་སྡེ་བ་ཞིག་ཏུ་ཆུ་འགྲམ་དུ་ཐོན་སྐྱེད་བྱ་འགུལ་སྤེལ་བཞིན་པའི་སྡེ་མིར་འཇབ་རྒོལ་བྱས་ནས་མི་སོ་གསུམ་རྐྱེན་ལམ་དུ་ཤོར་བ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།