ཀྲུང་གོ་དང་ཨ་ཧྥེ་རི་ཁའི་རིག་མཛོད་གླེང་སྟེགས་ཀྱི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་ལོ་བརྒྱའི་བསྐྱར་དར་དང་མཉམ་ལས་ལ་མཉམ་དུ་གྲོས་བསྡུར་བྱས།
2023.06.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 9

ཀྲུང་གོ་དང་ཨ་ཧྥེ་རི་ཁའི་རིག་མཛོད་གླེང་སྟེགས་ཀྱི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཟླ་ལྔ་བའི་ཚེས་སུམ་ཅུ་ཉིན་ནས་ཚེས་སོ་གཅིག་ཉིན་བར་ཀྲེ་ཅང་ཞིང་ཆེན་གྱི་ཅིན་ཧྭ་གྲོང་ཁྱེར་ནས་བསྡུས།

ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མ། ཀང་པུ་ཡཱ་སོགས་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་བཞི་བཅུ་ལྷག་དང་། ཨ་མེ་རི་ཁ་དང་པུ་ལི་ཧྲི་སོགས་ནས་ཡོང་བའི་འཐུས་མི་བཞི་བརྒྱ་ལྷག་སྐུད་ཐོག་དང་ཡུལ་དངོས་ནས་གྲོས་ཚོགས་ལ་ཞུགས་ཏེ། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་ལོ་བརྒྱའི་བསྐྱར་དར་དང་མཉམ་ལས་ལ་མཉམ་དུ་གྲོས་བསྡུར་བྱས།

ཉིས་སྟོང་ཉེར་གསུམ་ལོ་ནི་ཀྲུང་གོའི་ལྷག་བསམ་རྣམ་དག་གི་ཨ་ཧྥེ་རི་ཁའི་སྲིད་ཇུས་འདུ་ཤེས་དང་ཡང་དག་པའི་ཁེ་ཕན་ལྟ་བ་བཏོན་པའི་ལོ་ངོ་བཅུ་བ་ཡིན་པ་དང་། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་བཙུགས་ནས་ལོ་ངོ་དྲུག་ཅུ་འགོར་བའི་ལོ་ཡང་ཡིན། ཚོགས་འདུར་ཞུགས་པའི་སྐུ་མགྲོན་རྣམས་ཀྱིས་བསྟན་དོན། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་ལ་མཚོན་ན། གཅིག་ནི་ཆེས་ཆེ་བའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་པ་དང་། གཅིག་ནི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཆེས་གཅིག་བསྡུས་ཡིན་པའི་སྐམ་ས་ཆེན་མོ་ཞིག་ཡིན། འདྲ་མཚུངས་ཀྱི་ལོ་རྒྱུས་བྱུང་བ་དང་ཐུན་མོང་གི་ལོ་རྒྱུས་འགན་འཁྲི་ལས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་ཐོག་མཐའ་བར་གསུམ་དུ་དམ་པོར་སྦྲེལ་ཡོད།

ཀྲུང་གོའི་སྲིད་གཞུང་གི་ཨ་ཧྥེ་རི་ཁ་གླིང་གི་ལས་དོན་གྱི་དམིགས་བསལ་འཐུས་མི་ལིའུ་ཡུས་ཞེ་ཡིས་བཤད་རྒྱུར། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་འབྲེལ་བ་ཕྱོགས་ཡོངས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མགྱོགས་པོ་བྱུང་ཡོད། ཉིས་སྟོང་ཉེར་གཉིས་ལོར་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་ཉོ་ཚོང་འབོར་གྲངས་མེ་སྒོར་ཁྲག་ཁྲིག་གཉིས་དང་ཐེར་ཆེན་བརྒྱད་ཐེར་འབུམ་གཉིས་ལ་བསླེབས་ཡོད་པ་དང་། ཕྱོགས་གཉིས་ཀྱི་ཉོ་ཚོང་གི་ཚད་འཕར་སྣོན་བྱུང་ནས། ཨ་ཧྥེ་རི་ཁ་གླིང་གི་ཞིང་ཞོར་ཐོན་རྫས་ཀྲུང་གོར་ཕྱིར་གཏོང་བྱས་པར་བསྟུད་མར་ལོ་དྲུག་ལ་འཕར་སྣོན་བྱུང་ཡོད་ལ། ཀྲུང་གོས་བསྟུད་མར་ལོ་ངོ་བཅུ་བཞིའི་རིང་ཨ་ཧྥེ་རི་ཁ་གླིང་གི་ཉོ་ཚོང་གྲོགས་པོ་ཆེན་པོ་དང་པོའི་གོ་གནས་སྲུང་འཛིན་བྱས་ཡོད།

ཨ་ཧྥེ་རི་ཁ་ལྷོ་མའི་སྔོན་ཆད་ཀྱི་ཙུང་ཐུང་མའོ་ཐི་ལོན་ཏིས་ཀྱིས་བསྟན་དོན། མིག་སྔའི་འཛམ་གླིང་གི་གནས་བབ་ལ་གཞིགས་ན། འཛུགས་སྐྲུན་རང་བཞིན་ལྡན་པའི་གྲོས་མོལ་བཟང་བོ་སྤེལ་བར་གལ་འགངས་ཧ་ཅང་ཆེ་ཞིང་། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱིས་མཉམ་རྒྱལ་རྨང་གཞིར་བྱས་ཡོད་ཅིང་། རྒྱལ་ཁབ་སོ་སོའི་བར་གྱི་མཉམ་ལས་ལ་ཤུགས་སྣོན་བཏང་སྟེ། འཛམ་གླིང་འཕེལ་རྒྱས་ཐད་སྣ་མང་ཅན་གྱི་གདམ་གསེས་དང་སྒུལ་ཤུགས་འདོན་སྤྲོད་བྱས་ཡོད་ལ། ཨ་ཧྥེ་རི་ཁ་གླིང་གི་རང་བདག་འཕེལ་རྒྱས་ལའང་གོ་སྐབས་འདོན་སྤྲོད་བྱས་ཡོད་ཟེར།

ཀང་པུ་ཡཱ་རྒྱལ་སྤྱི་མཐུན་རྒྱལ་ཁབ་ཀྱི་མཐོ་རིམ་སློབ་གསོ་དང་ཞིབ་འཇུག ཚན་རྩལ་བཅས་ཀྱི་པུའུ་ཀྲང་ཀི་མེད་སི་ཡིས་བཤད་རྒྱུར། ཀྲུང་གོ་བསྐྱོད་མྱོང་བའི་བགྲོད་ལམ་གྱིས་ཀང་པུ་ཡཱའི་བཅོས་བསྒྱུར་དང་སྒོ་འབྱེད་འཕེལ་རྒྱས་ལ་ཉམས་མྱོང་རྩ་ཆེན་འདོན་སྤྲོད་བྱས་ཡོད། མ་འོངས་པར་ཀང་པུ་ཡཱ་ཡིས་ཀྲུང་གོའི་སློབ་གསོའི་ཉམས་མྱོང་དཔེར་བཟུང་སྟེ། ཕྱོགས་ཡོས་ནས་སློབ་གསོའི་མ་ལག་ལ་བཅོས་བསྒྱུར་བྱས་ནས་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་ཡིན་ཟེར།

ནེ་ཀྲི་རི་ཡཱའི་ཀྲུང་གོའི་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་ཨོ་ནོའུ་ནཱ་དབྱེ་ཀྲུའུ་ཡིས་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་འཛམ་གླིང་ཡོངས་དང་ཁྱད་པར་དུ་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ལ་མིག་དཔེ་བཟང་བོ་བསྟན་ཡོད། ཨ་ཧྥེ་རི་ཁ་གླིང་དང་ཀྲུང་གོའི་དུས་ཡུན་རིང་བོའི་མཉམ་ལས་དབང་གིས་ཨ་ཧྥེ་རི་ཁ་གླིང་གི་རྨང་གཞིའི་སྒྲིག་ཆས་ལ་ལེགས་བཅོས་ཆེན་པོ་བྱུང་ཡོད་ཟེར།

ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་རིག་མཛོད་གླེང་སྟེགས་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་མཉམ་ལས་གླེང་སྟེགས་སྒྲོམ་གཞིའི་འོག་གི་ཡན་ལག་གླེང་སྟེགས་གལ་ཆེན་ཞིག་ཡིན་ཞིང་། ཚོགས་ཐོག་ནས་འཐུས་མི་རྣམས་ཀྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་མཐུན་སྒྲིལ། འབད་འཐབ། བསྐྱར་དར་བཅས་ཀྱི་ལོ་ངོ་བརྒྱའི་ལོ་རྒྱུས་ཏེ་ཕྱིར་དྲན་དང་རྒྱང་ལྟ་ཞེས་པ་དང་། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་གཞི་དང་། འཛམ་གླིང་ཡོངས་ཀྱི་བདེ་འཇགས་གྲོས་གཞི། འཛམ་གླིང་ཡོངས་ཀྱི་དཔལ་ཡོན་གྲོས་གཞི་བཅས་ཀྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་འབྲེལ་བ། ཐུན་མོང་འབྱོར་ཕྱུག་གི་ལམ་དུ་བསྐྱོད་པ་སྟེ། ཨ་ཧྥེ་རི་ཁ་གླིང་གི་ཉིས་སྟོང་རེ་གསུམ་ལོའི་བར་གྱི་རེ་འདུན་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཞེས་པ་སོགས་གྲོས་གཞི་མང་བོར་གཞིགས་ཏེ། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་མཉམ་ལས་ཀྱི་ལོ་རྒྱུས་དང་གྲུབ་འབྲས། ཉམས་མྱོང་བཅས་ལ་གཏིང་ཟབ་ཏུ་གྲོས་བསྡུར་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།