ཚོགས་ཡུན་ཉིན་གཅིག་ཡིན་པའི་མེ་གླིང་ལྷོ་མའི་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་ཟླ་ལྔ་བའི་ཚེས་སུམ་ཅུ་ཉིན་པཱ་ཞིའི་རྒྱལ་ས་པཱ་ཞི་ལེ་ཡཱ་ནས་གྲོལ། ཕྱོགས་སོ་སོས་ཇི་ལྟར་ས་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། མེ་གླིང་ལྷོ་མའི་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་ཐད་ནས་བསམ་འཆར་བརྗེ་རེས་བྱས་པར་མ་ཟད། པཱ་ཞི་ལེ་ཡཱའི་ཐུན་མོང་ལྟ་ཚུལ་ལ་གྲོས་འཆམ་བྱུང་།
གྲོས་ཚོགས་ལ་ཞུགས་པའི་མེ་གླིང་ལྷོ་མའི་རྒྱལ་ཁབ་བཅུ་གཉིས་ཀྱི་མགོ་གཙོ་དང་སྲིད་གཞུང་གི་མགོ་གཙོས་ནན་གྱིས་བསྟན་དོན། དུས་བཅད་ལྟར་གྲོས་མོལ་བྱེད་པ་སྲུང་འཛིན་བྱས་ཏེ། ས་ཁུལ་གྱི་ཐུན་མོང་རང་བཞིན་གྱི་གནད་དོན་གལ་ཆེན་ལ་གྲོས་བསྡུར་བྱེད་པ་དང་། འཛམ་གླིང་ཡོངས་ཀྱི་ལས་དོན་མཉམ་དུ་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་ནས། འཛམ་གླིང་སྟེང་མེ་གླིང་ལྷོ་མའི་ཚབ་བྱེད་པའི་འབོད་སྐད་སྒྲོག་དགོས་ཟེར།
པཱ་ཞི་ལེ་ཡཱའི་ཐུན་མོང་ལྟ་ཚུལ་ལས་བསྟན་དོན། ཕྱོགས་སོ་སོས་ཁྲིམས་སྐྱོང་རིན་ཐང་དང་སྒྲིག་ལུགས་གཏན་འཇགས། བདག་དབང་། ནང་སྲིད་ལ་ཐེ་གཏོགས་མི་བྱེད་པ་བཅས་ས་ཁུལ་གོང་འཕེལ་དུ་འགྲོ་བའི་གཞི་རྩའི་རྩ་དོན་དུ་བྱེད་པར་ཡིད་འཐད་བྱུང་། ས་ཁོངས་འཕེལ་རྒྱས་ཀྱི་རེ་འདུན་ཏེ། མེ་གླིང་ལྷོ་མ་དེ་དམངས་གཙོ་དང་འགྲོ་མིའི་ཐོབ་ཐང་། རྒྱུན་མཐུད་ཐུབ་པའི་འཕེལ་རྒྱས། སྤྱི་ཚོགས་དྲང་བདེན་བཅས་ལ་འབད་འབུངས་བྱེད་པའི་ས་ཁུལ་ཞིག་ཏུ་འཛུགས་སྐྲུན་བྱེད་རྒྱུ་བསྐྱར་སྒྲོག་བྱས།
པཱ་ཞི་ལེ་ཡའི་ཐུན་མོང་ལྟ་ཚུལ་གྱིས་ཉོ་ཚོང་དང་དངུལ་གཏོང་དེ་ས་ཁོངས་འཕེལ་རྒྱས་ཀྱི་གནད་འགག་ཁྱབ་ཁོངས་སུ་གཏན་འཁེལ་བྱས་པ་དང་། མེ་གླིང་ལྷོ་མའི་རྒྱལ་ཁབ་དག་གིས་ཧུར་ཐག་སྒོས་ས་ཁུལ་རང་གི་རྒྱལ་ཁབ་བར་གྱི་ཉོ་ཚོང་ལ་ཤུགས་སྣོན་དང་། རྨང་གཞིའི་སྒྲིག་ཆས་དང་དངོས་སྐྱེལ་ལེགས་བཅོས། དངུལ་ལོར་གཞི་གཅིག་ཅན་ལ་སྐུལ་འདེད་བཏང་སྟེ། ཕན་ནུས་ལྡན་པའི་མེ་གླིང་ལྷོ་མའི་རང་དབང་ཉོ་ཚོང་ས་ཁུལ་ཞིག་གསར་དུ་འཛུགས་དགོས་པར་བསྟན།
ཕྱོགས་སོ་སོས་གཅིག་གྱུར་སྒོས་བལྟས་ན། ནམ་ཟླའི་ཉམས་ཉེན་དང་བདེ་འཇགས་གནད་དོན། ཟས་རིགས་དང་ནུས་ཁུངས་ཀྱི་མཁོ་འདོན་མུ་འབྲེལ་ཐད་ཀྱི་གནོན་ཤུགས། གསར་དུ་བྱུང་བའི་རིམས་ནད་ཀྱི་ཉེན་ཁ། སྤྱི་ཚོགས་འདྲ་མཉམ་མིན་པ། དམངས་གཙོ་དང་ལམ་ལུགས་གཏན་འཇགས་ཀྱི་འཇིགས་ཉེན་སོགས་རྒྱལ་སྤྱིའི་འགྲན་རྩོད་སྣ་ཚོགས་འོག མེ་གླིང་ལྷོ་མའི་རྒྱལ་ཁབ་དག་གི་ས་ཁོངས་གཞི་གཅིག་ཅན་གལ་འགངས་ཧ་ཅང་ཆེ་བར་འདོད།
མེ་གླིང་ལྷོ་མའི་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་དེ་པཱ་ཞིའི་ཙུང་ཐུང་ལུའུ་ལཱ་ཡིས་གྲོས་གཞི་བཏོན་པ་ལྟར་བསྡུས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།