སྐབས་དྲུག་པའི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་འགྲེམ་སྟོན་ཚོགས་འདུའི་ཧིན་རྡུ་ཉི་ཞི་ཡཱའི་མཚམས་སྦྱོར་ཚོགས་འདུ་ཟླ་ལྔ་བའི་ཚེས་སུམ་ཅུ་ཉིན་ཡཱ་ཅཱ་ཏཱ་ནས་སྤེལ་བ་དང་། ཧིན་རྡུ་ཉི་ཞི་ཡཱའི་བཟོ་ཚོང་ལས་རིགས་ཀྱི་མི་སྣ་བརྒྱ་ལྷག་མཚམས་སྦྱོར་ཚོགས་འདུར་ཞུགས།
ཧིན་རྡུ་ཉི་ཞི་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོའི་མགོ་བ་ཧྲི་ཙི་མེན་གྱིས་བསྟན་དོན། ཉིས་སྟོང་ཉེར་གསུམ་ལོ་ནི་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡཱའི་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་པའི་ལོ་ངོ་བཅུ་བ་ཡིན་ལ། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡཱའི་ལས་སྐལ་ཐུན་མོང་ཚོགས་པ་མཉམ་འཛུགས་བྱེད་པའི་ཐོག་མའི་ལོ་ཡང་ཡིན། ཧིན་རྡུ་ཉི་ཞི་ཡཱའི་ཁེ་ལས་དང་། ཁྱད་པར་དུ་ཁེ་ལས་ཆུང་འབྲིང་གིས་གོ་སྐབས་དམ་འཛིན་བྱས་ཤིང་། ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་འགྲེམ་སྟོན་ཚོགས་འདུ་དེ་ཐོན་རྫས་དང་སྣང་བརྙན་འགྲེམ་སྟོན་བྱེད་པའི་སྒེའུ་ཁུང་དང་། ལག་རྩལ་དང་བརྡ་འཕྲིན་བརྗེ་རེས་བྱེད་པའི་སྟེགས་བུ། ཀྲུང་གོ་དང་འཛམ་གླིང་ཚོང་ར་རྒྱ་བསྐྱེད་བྱེད་པའི་གོ་སྐབས་བཅས་སུ་འགྱུར་བར་བྱེད་དགོས་ཟེར།
རྒྱལ་ཁབ་གྲོས་ཚོགས་འགྲེམ་སྟོན་ལྟེ་གནས་ཀྱི་ཙུང་ཚེ་ཉིང་ཧྥུན་གྱིས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། ཧིན་རྡུ་ཉི་ཞི་ཡཱ་ནི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་འགྲེམ་སྟོན་ཚོགས་འདུའི་གྲོགས་པོ་རྙིང་བ་ཡིན། སྐབས་སྔོན་མ་ལྔའི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་འགྲེམ་སྟོན་ཚོགས་འདུའི་སྟེང་། བསྡོམས་པས་ཧིན་རྡུ་ཉི་ཞི་ཡཱའི་ཁེ་ལས་བརྒྱ་ལྷག་འགྲེམ་སྟོན་ལ་ཞུགས། ཧིན་རྡུ་ཉི་ཞི་ཡཱའི་ཁེ་ལས་ཀྱིས་ཟས་རིགས་དང་ནུས་ཁུངས་རྫས་འགྱུར་བཟོ་ལས། འཁལ་འཐག་ཡང་བའི་བཟོ་ལས། གནས་སྐོར་སོགས་ཁྱབ་ཁོངས་ཀྱི་ཁྱད་སྟོབས་འདོན་སྤེལ་བྱེད་པ་དང་། ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་འགྲེམ་སྟོན་ཚོགས་འདུའི་སྟེགས་བུ་འདིར་བརྟེན་ནས། སྔར་ལས་སྤུས་ལེགས་པའི་ཐོན་རྫས་དང་ཞབས་ཞུ་ཀྲུང་གོའི་འཛད་སྤྱོད་པར་འདོན་སྤྲོད་བྱེད་པར་དགའ་བསུ་ཞུ་ཟེར།
ཧིན་རྡུ་ཉི་ཞི་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་དང་ཀྲུང་གོ་དངུལ་ཁང་ཞང་ཀང་ཚད་ཡོད་ཀུང་ཟིའི་ཡཱ་ཅཱ་ཏཱའི་ཡན་ལག་དངུལ་ཁང་། ཧིན་རྡུ་ཉི་ཞི་ཡཱའི་ཀྲུང་ཧྭ་སྤྱིའི་ཚོང་ཚོགས་བཅས་ཀྱིས་ཐེངས་འདིའི་མཚམས་སྦྱོར་ཚོགས་འདུར་རྒྱབ་སྐྱོར་བྱས།
སྐབས་དྲུག་པའི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་འགྲེམ་སྟོན་ཚོགས་འདུ་ཟླ་བཅུ་གཅིག་ནང་ཧྲང་ཧེ་ནས་སྤེལ་རྒྱུ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།