སུའུ་ཏན་དྲག་ཆས་དམག་དཔུང་གིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་ལ་ཞུགས་མཚམས་བཞག
2023.06.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

སུའུ་ཏན་དྲག་ཆས་དམག་དཔུང་གི་མགྲིན་ཚབ་པའི་གཞུང་སྒྲུབ་ཁང་གིས་ཟླ་ལྔ་བའི་ཚེས་སོ་གཅིག་ཉིན་ཁྱབ་བསྒྲགས་བྱས་དོན། དྲག་ཆས་དམག་དཔུང་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་བར་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་ལ་ཞུགས་མཚམས་བཞག་ཡོད་ཟེར།

མགྲིན་ཚབ་པའི་གཞུང་སྒྲུབ་ཁང་གིས་ཉིན་དེར་གསལ་སྒྲོག་སྤེལ་ནས། སུའུ་ཏན་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་བཀོད་འདོམ་པུའུ་ཡིས་སྤེལ་བཞིན་པའི་གྲོས་མོལ་མཚམས་འཇོག་རྒྱུ་ཐག་བཅད་པ་དང་། ཆོད་དོན་དེ་ནི་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་བསྟུད་མར་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལ་གཏོར་བརླག་བྱས་པ་དང་། གྲོས་མཐུན་གྱི་དོན་ཚན་རུང་གང་ལག་བསྟར་བྱེད་ཐུབ་མེད་པས་ཡིན་ཟེར།

སུའུ་ཏན་དྲག་ཆས་དམག་དཔུང་གི་མིང་བཤད་མི་འདོད་པའི་མི་སྣ་ཞིག་གིས་བཤད་རྒྱུར། དྲག་ཆས་དམག་དཔུང་གིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་ལ་ཞུགས་མཚམས་བཞག་ཡོད་ཀྱང་། གྲོས་མོལ་ལས་ཕྱིར་བུད་པའི་ནང་དོན་མིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།