སྐབས་གཉིས་པའི་ཡོ་རོབ་གླིང་ཆབ་སྲིད་ཐུན་མོང་ཚོགས་པའི་མགོ་ཁྲིད་པའི་གྲོས་ཚོགས་མའོ་ཨར་ཏའོ་ཝ་ནས་བསྡུས།
2023.06.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

སྐབས་གཉིས་པའི་ཡོ་རོབ་གླིང་ཆབ་སྲིད་ཐུན་མོང་ཚོགས་པའི་མགོ་ཁྲིད་པའི་གྲོས་ཚོགས་ཟླ་དྲུག་པའི་ཚེས་གཅིག་ཉིན་མའོ་ཨར་ཏའོ་ཝ་ཡི་པུའུ་ཨར་པའོ་ཨ་ཁི་ནས་བསྡུས། ཡོ་རོབ་གླིང་གི་རྒྱལ་ཁབ་དང་ས་ཁུལ་གྱི་མགོ་ཁྲིད་པ་ལྔ་བཅུ་ཙམ་གྲོས་ཚོགས་ལ་ཞུགས་ཏེ། ཡོ་རོབ་གླིང་གི་བདེ་འཇགས་དང་། ནུས་ཁུངས་ཀྱི་བབ་སྟུན་རང་བཞིན། གཅིག་འབྲེལ་གཅིག་བརྟེན་སོགས་ཀྱི་གྲོས་གཞིར་གྲོས་བསྡུར་བྱས།

མའོ་ཨར་ཏའོ་ཝའི་ཙུང་ཐུང་སིང་ཏུའུ་ཡིས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞུ་ཚིག་ཕུལ་བ་དང་། ཐེངས་འདིའི་གྲོས་ཚོགས་ནས་ཡོ་རོབ་གླིང་གི་རྒྱལ་ཁབ་བར་གྱི་བདེ་འཇགས་དང་ནུས་ཁུངས། གཅིག་འབྲེལ་གཅིག་བརྟེན་སོགས་གནད་དོན་ཐག་གཅོད་བྱེད་པར་མཐུན་སྦྱོར་གྱི་ནུས་པ་ཐོན་པར་ཕན་ཐོགས་ཡོད་ཟེར།

མཚམས་སྦྱོར་བྱས་པ་ལྟར་ན། ཐེངས་འདིའི་གྲོས་ཚོགས་ནས་ད་རུང་ཡོ་རོབ་གླིང་སྐམ་ས་ཆེན་མོའི་བདེ་འཇགས་ལ་ཤུགས་སྣོན་པ་སོགས་ཀྱི་གྲོས་གཞིའི་ཐད་ནས་འཐབ་ཇུས་གྲོས་མོལ་བྱས།

དབྱེ་ཞིབ་མི་སྣས་བལྟས་ན། ཐེངས་འདིའི་གྲོས་ཚོགས་ཀྱི་ཚོགས་ཡུན་ཉིན་གཅིག་མ་གཏོགས་མེད་པ་དང་། ཚོགས་ཞུགས་མགོ་ཁྲིད་པ་དག་གིས་ཡོ་རོབ་གླིང་གི་མདུན་དུ་ལྷགས་པའི་འགྲན་རྩོད་དང་གནད་དོན་མང་བོར་ལག་བསྟར་བྱས་ཆོག་པའི་ཐག་གཅོད་ཇུས་གཞི་ཞིག་འདོན་དཀའ་ལ། གྲོས་ཚོགས་ཀྱི་མཚོན་རྟགས་དོན་སྙིང་དངོས་ཡོད་ལས་ཆེ་ཟེར།

ཉིས་སྟོང་ཉེར་གཉིས་ལོའི་ཟླ་ལྔ་བར། ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཡོ་རོབ་གླིང་ཆབ་སྲིད་ཐུན་མོང་ཚོགས་པ་འཛུགས་པའི་གྲོས་གཞི་བཏོན་པ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་དག་དང་ཡོ་རོབ་གླིང་མནའ་འབྲེལ་དུ་མི་གཏོགས་པའི་རྒྱལ་ཁབ་དང་ས་ཁུལ་གྱིས་སྒྲོམ་གཞི་དེའི་ནང་ཆབ་སྲིད་མཉམ་ལས་ཀྱི་བར་སྟོང་གསར་བ་འཚོལ་ཞིབ་བྱས་ཆོག ཉིས་སྟོང་ཉེར་གཉིས་ལོའི་ཟླ་བཅུ་བར། ཡོ་རོབ་གླིང་ཆབ་སྲིད་ཐུན་མོང་ཚོགས་པའི་མགོ་ཁྲིད་པའི་གྲོས་ཚོགས་ཐོག་མ་ཅེ་ཁེའི་རྒྱལ་ས་པུའུ་ལཱ་ཀི་ནས་ཚོགས།


བསོད་ནམས་ཚེ་རིང་གིས་བསྒྱུར།