མཉམ་འབྲེལ་རྒྱལ་ཚོགས་ཀྱི་དུག་རྫས་དང་ནག་ཉེས་གནད་དོན་གཞུང་སྒྲུབ་ཁང་གིས་ཚེས་གཉིས་ཉིན་ཐེ་གོའི་རྒྱལ་ས་མན་ཀུའུ་ནས་ཨེ་ཤ་ཡཱ་ཤར་མ་དང་ཨེ་ཤ་ཡཱ་ཤར་ལྷོའི་ས་ཁུལ་གྱི་འདྲེས་སྦྱོར་དུག་རྫས་ཏེ་ཉིས་སྟོང་ཉེར་གསུམ་ལོའི་འཕེལ་རྒྱས་དང་འགྲན་རྩོད་གསར་བ་ཞེས་པའི་སྙན་ཞུ་སྤེལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དུག་རྫས་དང་ནག་ཉེས་གནད་དོན་གཞུང་སྒྲུབ་ཁང་གི་ཨེ་ཤ་ཡཱ་ཤར་ལྷོ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་འཐུས་མི་ཏའོ་ཀི་ལཱ་སི་ཡིས་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། ཀྲུང་གོས་མཐའ་མཚམས་ས་ཁུལ་གྱི་སྐོར་གཡེང་ཁྲིམས་བསྟར་ལ་ཤུགས་སྣོན་བྱས་པ་དང་། དུག་རྫས་དང་སྟབས་བདེའི་དུག་རིགས་རྫས་འགྱུར་ཐོན་རྫས་ཀྱི་ལྐོག་འཚོང་ལ་ཆམ་ཕབ་གཏོང་བའི་ཐད་ཕན་འབྲས་ཆེན་པོ་བླངས་ཡོད་ལ། ཀྲུང་གོ་ད་རུང་མཱེ་ཀུང་ཆུ་བོའི་ས་ཁོངས་ཕལ་བའི་དུག་རྫས་ལྐོག་འཚོང་ལ་ཆམ་ཕབ་གཏོང་བའི་རྒྱལ་སྤྱིའི་མཉམ་ལས་ཁྲོད་ཧུར་ཐག་སྒོས་ཞུགས་བཞིན་ཡོད་ཟེར།
ཐེ་གོའི་དུག་འགོག་ཨུ་ཡོན་ལྷན་ཁང་གི་ཕྱི་དོན་ཅུའུ་ཡི་ཅུའུ་ཀྲང་ཞི་ཅཱ་ཀུའུ་ཡིས་བསྟན་དོན། ཀྲུང་གོ་མཱེ་ཀུང་ཆུ་བོའི་ས་ཁོངས་ཀྱི་མཉམ་འབྲེལ་སྐོར་གཡེང་ཁྲིམས་བསྟར་འགུལ་སྐྱོད་ཁྲོད་ཧུར་ཐག་སྒོས་ཞུགས་བཞིན་ཡོད་པར་མ་ཟད། ས་ཁོངས་དེའི་རྒྱལ་ཁབ་དག་ལ་སྟབས་བདེ་དུག་རིགས་རྫས་འགྱུར་ཐོན་རྫས་བཀག་འགོག་བྱེད་པ་སོགས་ཐད་ཀྱི་གསོ་སྦྱོང་སྤེལ་ནས། དུག་རྫས་ལྐོག་འཚོང་ལ་ཆམ་ཕབ་གཏོང་བར་རོགས་འདེགས་བྱེད་བཞིན་ཡོད་ཟེར།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དུག་རྫས་དང་ནག་ཉེས་གནད་དོན་གཞུང་སྒྲུབ་ཁང་གི་སྙན་ཞུ་ལས་བསྟན་དོན། ཨེ་ཤ་ཡཱ་ཤར་མ་དང་ཨེ་ཤ་ཡཱ་ཤར་ལྷོའི་ས་ཁུལ་གྱི་འདྲེས་སྦྱོར་དུག་རྫས་ཀྱི་ཐོན་སྐྱེད་རྒྱུན་ཆད་མེད་པར་རྒྱ་བསྐྱེད་བྱས་ནས་སྣ་མང་ཅན་དུ་འགྱུར་བཞིན་ཡོད་ལ། རྒྱལ་ཁོངས་བརྒལ་བའི་རྩ་འཛུགས་ཅན་གྱི་ནག་ཉེས་སྡེ་ཚོགས་ཀྱིས་དུག་རྫས་སྐྱེལ་འདྲེན་གྱི་ལམ་ཐིག་ལེགས་བསྒྱུར་བྱས་ནས་ཁྲིམས་བསྟར་ལ་གཞོལ་རྩིས་བྱེད་བཞིན་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དུག་རྫས་དང་ནག་ཉེས་གནད་དོན་གཞུང་སྒྲུབ་ཁང་གིས་ཨེ་ཤ་ཡཱ་ཤར་མ་དང་ཨེ་ཤ་ཡཱ་ཤར་ལྷོའི་ས་ཁུལ་གྱི་རྒྱལ་ཁབ་དག་གི་བར་མཉམ་ལས་ཟབ་མོ་བྱེད་བཞིན་ཡོད་པ་དང་། ལྟ་རྟོག་ཚད་འཇལ་ལ་ཤུགས་སྣོན་བྱས་ཏེ། རྒྱལ་ཁབ་སོ་སོས་རྒྱལ་ཁོངས་བརྒལ་བའི་མཉམ་འབྲེལ་འགུལ་སྐྱོད་སྤེལ་བར་རོགས་རམ་བྱེད་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།