ཟླ་དྲུག་པའི་ཚེས་གཅི་ཉིན། ཀྲི་ལིའི་ཙུང་ཐུང་པའོ་ལི་ཆི་ཡིས་ཝ་ཨར་ཕཱ་ལའེ་སོའི་རྒྱལ་ཚོགས་ཐོག་ཁང་ཆེན་མོ་ནས་ལག་བརྡ་བཏང་ནས་གུས་འདུད་ཞུ་བཞིན་པ།
ཟླ་དྲུག་པའི་ཚེས་གཅི་ཉིན། ཀྲི་ལིའི་ཙུང་ཐུང་པའོ་ལི་ཆི་ཡིས་ཝ་ཨར་ཕཱ་ལའེ་སོའི་རྒྱལ་ཚོགས་ཐོག་ཁང་ཆེན་མོ་ནས་རྒྱལ་དོན་མཚམས་སྦྱོར་གྱི་གཏམ་བཤད་སྤེལ།
ཀྲི་ལིའི་ཙུང་ཐུང་པའོ་ལི་ཆི་ཡིས་ཟླ་དྲུག་པའི་ཚེས་གཅིག་ཉིན་མཚོ་འགྲམ་གྲོང་ཁྱེར་ཝ་ཨར་ཕཱ་ལའེ་སོ་ཡི་རྒྱལ་ཚོགས་ཐོག་ཁང་ཆེན་མོ་ནས་རྒྱལ་དོན་མཚམས་སྦྱོར་བྱེད་པའི་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། ཀྲི་ལི་ཡིས་སྣ་མང་ཅན་དང་རྒྱུན་མཐུད་ཅན། གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་ཆ་རྐྱེན་ཡོད་ཅིང་། ལིས་ཐོན་ལས་དང་ལྷད་མེད་ཆིང་ནུས་ཐོན་ལས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།
པའོ་ལི་ཆི་ཡིས་བཤད་རྒྱུར། ཀྲི་ལིའི་དམིགས་འབེན་ནི་འཛམ་གླིང་ཡོངས་ཀྱི་ལིའི་ཐོན་སྐྱེད་རྒྱལ་ཁབ་གཙོ་བོར་འགྱུར་བ་དེ་ཡིན་ལ། ཅང་མ་འགོར་བའི་སྔོན་དུ་རྒྱལ་ཁབ་ཀྱི་ལིས་ཀྱི་ཐོན་ཁུངས་གསར་སྤེལ་ཇུས་གཞི་སྤེལ་ནས། མི་སྒེར་གྱི་ཁེ་ལས་དང་། ཀྲི་ལི་རྒྱལ་ཁབ་ཀྱི་ཟངས་ལས་ཀུང་ཟི་དང་རྒྱལ་ཁབ་གཏེར་ལས་ཀུང་ཟི་སོགས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། རྒྱལ་སྤྱིའི་ཁེ་ལས་དང་དངུལ་གཏོང་མཁན་མང་བོས་མཉམ་ལས་ཀྱི་སྤྲོ་བ་ཡོད་པའི་བསམ་ཚུལ་བསྟན་ཡོད་ཟེར།
ཁོས་བཤད་རྒྱུར། ཀྲི་ལི་འཛམ་གླིང་ཡོངས་ཀྱི་ལྷད་མེད་ཆིང་ནུས་ཐོན་སྐྱེད་རྒྱལ་ཁབ་གཙོ་བོར་འགྱུར་བར་ཡང་རེ་བཞིན་ཡོད། ཐོན་ལས་དེས་ས་ཁུལ་སྐོར་ཞིག་གི་ནུས་ཁུངས་རིམ་སྤོར་བརྒྱུད་རིམ་ཁྲོད་མེ་གློག་ས་ཚིགས་ཀྱི་སྒོ་བརྒྱབ་པ་ལས་བྱུང་བའི་བྱ་བའི་ལས་གནས་ཇེ་ཉུང་དུ་གཏོང་བའི་གནད་དོན་ཞི་འཇགས་སུ་གཏོང་ཐུབ་ལ། ཀྲི་ལིའི་ནུས་ཁུངས་པུའུ་དང་ས་གནས་སྲིད་གཞུང་། སློབ་ཆེན། དེ་མིན་དམངས་ཁྲོད་སྟོབས་ཤུགས་བཅས་ཀྱིས་འགུལ་སྐྱོད་འཆར་གཞི་བཟོས་ནས་ཐོན་ལས་དེ་གསར་སྤེལ་བྱེད་བཞིན་ཡོད་ཟེར།
པའོ་ལི་ཆི་ཡིས་བཤད་རྒྱུར། ཀྲི་ལི་ལ་ཡང་བསྐྱར་བེད་སྤྱོད་བྱས་ཆོག་པའི་ནུས་ཁུངས་ཕུན་སུམ་ཚོགས་པ་ཡོད་ཀྱང་། ཉི་འོད་ནུས་པ་དང་རླུང་ཤུགས་གློག་འདོན་ཀྱི་གསོག་ནུས་མ་ལག་འདང་ཚིམས་མ་མེད། སྲིད་གཞུང་གིས་ད་ལོར་བྱང་ཕྱོགས་ཀྱི་ཨ་ཐཱ་ཁཱ་མཱ་བྱེ་ཐང་ནས་ལཱ་ཏེན་མེ་གླིང་གི་ཆེས་ཆེ་བའི་ནུས་གསོག་མ་ལག་ལས་གཞི་འཛུགས་སྐྲུན་བྱེད་པར་ཚོང་འགུག་བྱེད་རྩིས་ཡོད་ཟེར།
ཀྲི་ལིའི་རྩ་ཁྲིམས་ཀྱི་གཏན་འཁེལ་ལྟར་ན། ཙུང་ཐུང་གིས་ལོ་རེའི་ཟླ་དྲུག་པའི་ཚེས་གཅིག་ཉིན་རྒྱལ་ཚོགས་ནས་རྒྱལ་ཁབ་ཀྱི་གནས་ཚུལ་སྙན་ཞུ་བྱེད་པའི་གཏམ་བཤད་སྤེལ་ནས། རྒྱལ་ཁབ་ཀྱི་བཅོས་སྐྱོང་གནས་ཚུལ་སྤྱི་བསྡོམས་དང་། སྲིད་གཞུང་གི་སྲིད་སྐྱོར་འཆར་གཞི་གཙོ་བོ་དང་བྱེ་བྲག་གི་བྱེད་ཐབས་མཚམས་སྦྱོར་བྱེད་དགོས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།