སེར་ཝེ་ཡཱའི་ཙུང་ཐུང་དང་ཁི་སོ་བོ་ཡི་དབང་འཛིན་ལས་ཁུངས་ཀྱི་མགོ་ཁྲིད་པས་དུས་ཡུན་ཐུང་ངུའི་གྲོས་མོལ་བྱས།
2023.06.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

སེར་ཝེ་ཡཱའི་ཙུང་ཐུང་ཝུའུ་ཆི་ཆི་དང་ཁི་སོ་བོ་ཡི་དབང་འཛིན་ལས་ཁུངས་ཀྱི་མགོ་ཁྲིད་པ་ཨོ་སི་མཱ་ནེ་གཉིས་ཀྱིས་ཟླ་དྲུག་པའི་ཚེས་གཅིག་ཉིན་ཁི་སོ་བོ་ཡི་ཛ་དྲག་གི་གནས་བབ་ཐད་ནས་དུས་ཡུན་ཐུང་ངུའི་གྲོས་མོལ་བྱས།

འཇར་མན་གྱི་ཙུང་ལི་ཧྲའོ་ཨར་ཚི་དང་། ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་། ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་པའོ་ལོས་ལེ་ཞུགས་ཏེ། ཝུའུ་ཆི་ཆི་དང་ཨོ་སི་མཱ་ནེ་གཉིས་ཀྱིས་ཡོ་རོབ་གླིང་ཆབ་སྲིད་ཐུན་མོང་ཚོགས་པའི་མགོ་ཁྲིད་པའི་གྲོས་ཚོགས་སྐབས་སུ་དུས་ཡུན་ཐུང་ངུའི་གྲོས་མོལ་བྱས། སྐབས་གཉིས་པའི་ཡོ་རོབ་གླིང་ཆབ་སྲིད་ཐུན་མོང་ཚོགས་པའི་མགོ་ཁྲིད་པའི་གྲོས་ཚོགས་ཟླ་དྲུག་པའི་ཚེས་གཅིག་ཉིན་མའོ་ཨར་ཏའོ་ཝ་ཡི་པུའུ་ཨར་པའོ་ཨ་ཁི་ནས་བསྡུས།

ཝུའུ་ཆི་ཆི་ཡིས་གྲོས་མོལ་བྱས་པའི་གནས་ཚུལ་ཐད་ནས་གཏམ་བཤད་གང་ཡང་སྤེལ་མེད། ཧྥ་རན་སི་དང་འཇར་མན་གྱི་མགོ་ཁྲིད་པས་ཁི་སོ་བོ་ཡི་མིག་སྔའི་ཉམས་ཉེན་ཞི་འཇགས་སུ་བཏང་ནས་ཁི་སོ་བོ་ཡི་ས་གནས་འདེམ་བསྐོའི་བྱ་འགུལ་ཡང་བསྐྱར་སྤེལ་དགོས་པའི་འབོད་སྐུལ་བཏང་།

མཱ་ཁི་ལུང་གིས་བཤད་རྒྱུར། ཁི་སོ་བོ་བྱང་ཕྱོགས་ཀྱི་མཁར་གྲོང་བཞི་ཡིས་ཟླ་བཞི་བར་སྤེལ་བའི་ས་གནས་འདེམ་བསྐོའི་འདེམ་ཤོག་འཕངས་པའི་ཚད་བརྒྱ་ཆའི་ལྔ་ཡང་མེད་པས། ཆ་རྐྱེན་དང་མི་འཚམ་པ་མངོན་གསལ་རེད། ཁོ་དང་ཧྲའོ་ཨར་ཚི་གཉིས་ཀྱིས་ཁི་སོ་བོ་ཡི་སེར་ཝེ་ཡཱ་མི་རིགས་ཞུགས་པའི་གནས་ཚུལ་འོག་མཁར་གྲོང་བཞི་བོ་དེས་མྱུར་མོར་འདེམ་བསྐོའི་བྱ་འགུལ་ཡང་བསྐྱར་སྤེལ་དགོས་པའི་འབོད་སྐུལ་བཏང་ཡོད་ལ། སེར་ཝེ་ཡཱ་དང་ཁི་སོ་བོ་ཡི་དབང་འཛིན་ལས་ཁུངས་ཀྱིས་གཟའ་འཁོར་རྗེས་མར་མངོན་གསལ་གྱིས་ལན་སྟེར་དགོས་པའི་རེ་བ་བཏོན་ཡོད་ཟེར།

ཧྲའོ་ཨར་ཚི་ཡིས་བཤད་རྒྱུར། གལ་ཆེ་བ་ནི་ཕྱོགས་སོ་སོས་ནུས་པ་གང་ཡོད་བཏོན་ནས་གནས་བབ་ཞི་འཇགས་སུ་གཏོང་དགོས་པ་དང་། ཕྱོགས་གཉིས་ཀྱིས་བཀོད་པའི་གྲོས་མཐུན་དངོས་འབེབས་བྱས་ཏེ། གནད་དོན་དེ་དུས་གཏན་དུ་ཐག་གཅོད་ཐུབ་པ་མངོན་འགྱུར་བྱེད་དགོས་ཟེར།

མཱ་ཁི་ལུང་གིས་ཁི་སོ་བོ་ཡི་དབང་འཛིན་ལས་ཁུངས་ཀྱིས་དམ་བཅའ་ལག་བསྟར་བྱས་ཤིང་། ཉིས་སྟོང་བཅུ་གསུམ་ལོའི་པུའུ་ལུའུ་སེར་གྱི་གྲོས་མཐུན་ལྟར་སེར་ཝེར་ཡཱ་རིགས་ཀྱི་གྲོང་ཁྱེར་མནའ་འབྲེལ་འཛུགས་པར་སྐུལ་འདེད་གཏོང་དགོས་པའི་སྐུལ་མ་བཏང་།

ཝུའུ་ཆི་ཆི་ཡིས་བསྟན་དོན། མཁར་གྲོང་བཞི་བོས་བདམས་པའི་སྲིད་འཛིན་དཔོན་པོ་ཁ་འབྲལ་དགོས་པ་དང་། ཞོར་དུ་ཁི་སོ་བོ་དབང་འཛིན་ལས་ཁུངས་ཀྱིས་དམིགས་བསལ་ཉེན་རྟོག་པ་ཕྱིར་འཐེན་བྱེད་དགོས་ཟེར།

ཨོ་སི་མཱ་ནེ་ཡིས་བཤད་རྒྱུར། ཡང་བསྐྱར་འདེམ་བསྐོའི་བྱ་འགུལ་སྤེལ་སྲིད་ཀྱང་། ཆ་རྐྱེན་ནི་སེར་ཝེ་ཡཱ་ཕྱོགས་ཀྱིས་ཁི་སོ་བོ་ཡི་སེར་ཝེ་རིགས་ཀྱིས་འདེམ་བསྐོའི་བྱ་འགུལ་ལ་ངོ་རྒོལ་བྱེད་པར་སྐུལ་མ་གཏོང་མཚམས་འཇོག་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།