རྒྱ་གར་ས་གནས་དཔོན་རིགས་ཀྱིས་ཚེས་གཉིས་ཉིན་བཤད་རྒྱུར། རྒྱལ་ཁབ་དེའི་ཤར་ཕྱོགས་ཀྱི་ཨོ་ཏིས་ཧྲ་མངའ་སྡེ་རུ་ཉིན་དེར་མེ་འཁོར་ལྕགས་ལམ་ལས་བརྒལ་ནས་ཐོ་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི་ལྔ་བཅུ་རྐྱེན་ལམ་དུ་ཤོར་བ་དང་། མི་ལྔ་བརྒྱ་ལྷག་ལ་རྨས་ཕོག་ཡོད་ཟེར།
ལྕགས་ལམ་པུའུ་ཡི་མགྲིན་ཚབ་པ་ཞཱ་ཨར་མཱ་ཡིས་བཤད་རྒྱུར། ས་དེའི་དགོང་མོའི་དུས་ཚོད་བདུན་ཡས་མས་སུ། ཅཱ་ཨར་ཀི་ཏཱ་ནས་ཅིན་ནཱ་རུ་བགྲོད་པའི་འགྲུལ་སྐྱེལ་མེ་འཁོར་ཞིག་ཨོ་ཏིས་ཧྲ་མངའ་སྡེའི་པཱ་ལཱ་སོ་ཨར་ས་ཁུལ་གྱི་པཱ་ཧཱ་ནེ་ཅཱ་མེ་འཁོར་ས་ཚིགས་ཀྱི་ཉེ་འདབས་སུ་ལྕགས་ལམ་ལས་བརྒལ་བ་དང་། འཁོར་སྒམ་བཅུ་ལྷག་ཕྱོགས་བཞིར་ཐོར། འཁོར་སྒམ་ལ་ལ་ཁ་གཏད་ཀྱི་ལྕགས་ལམ་སྟེང་ལྷུང་བ་དང་། དེའི་རྗེས་སུ་པན་ཅཱ་ལོ་ཨར་ནས་ཅཱ་ཨར་ཀི་ཏཱ་རུ་བགྲོད་པའི་འགྲུལ་སྐྱེལ་རླངས་འཁོར་ཁ་གཏད་ལྕགས་ལམ་ནས་ཡོང་སྟེ་འཁོར་སྒམ་དེ་དག་ལ་ཐོ་བརྒྱབ་ནས། མེ་འཁོར་དེའི་འཁོར་སྒམ་འགའ་ཡང་ཐོར་ཡོད་ཟེར།
ཨོ་ཏིས་ཧྲ་མངའ་སྡེའི་དབུ་བཞུགས་དྲུང་ཡིག་ཆེན་མོ་ཅེ་ནཱ་ཡིས་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། དོན་རྐྱེན་དེ་ལས་ཉུང་མཐར་ཡང་མི་ལྔ་བཅུ་རྐྱེན་ལམ་དུ་ཤོར་བ་དང་། མི་ལྔ་བརྒྱ་ལྷག་ལ་རྨས་ཕོག་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།