དབྱི་སི་རལ་དང་ཨེ་ཅིབ་དམག་ཕྱོགས་ཀྱིས་ཚེས་གསུམ་ཉིན་སོ་སོར་གསལ་སྒྲོག་སྤེལ་ནས། དབྱི་སི་རལ་དང་ཨེ་ཅིབ་ཀྱི་མཐའ་མཚམས་ས་ཁུལ་དུ་ཉིན་དེར་མེ་མདས་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་སྟེ། དབྱི་སི་རལ་གྱི་དམག་མི་གསུམ་དང་ཨེ་ཅིབ་ཀྱི་བདེ་འཇགས་མི་སྣ་གཅིག་རྐྱེན་ལམ་དུ་ཤོར་ཟེར།
དབྱི་སི་རལ་དམག་ཕྱོགས་ཀྱིས་གསལ་སྒྲོག་ནང་བཤད་རྒྱུར། ཚེས་གསུམ་ཉིན་གྱི་ཞོགས་པར་ལྷོ་ཕྱོགས་ཀྱི་དབྱི་སི་རལ་དང་ཨེ་ཅིབ་ཀྱི་མཐའ་མཚམས་སོ་ལྟ་ཁང་དུ་སྡོད་པའི་དབྱི་སི་རལ་གྱི་དམག་མིར་ཨེ་ཅིབ་ཉེན་རྟོག་པ་ཞིག་གི་འཇབ་རྒོལ་ཐེབས་ནས་རྐྱེན་ལམ་དུ་ཤོར་ཟེར། དུས་ཚོད་འགའི་རྗེས་སུ་ཨེ་ཅིབ་ཀྱི་ཉེན་རྟོག་པ་དེས་འཛིན་བཟུང་འགུལ་སྐྱོད་སྤེལ་བར་ཡོང་བའི་དབྱི་སི་རལ་གྱི་དམག་མིའི་བར་འཁྲུག་རྩོད་བྱས་ཏེ། དབྱི་སི་རལ་གྱི་དམག་མི་གཅིག་བསད། ཨེ་ཅིབ་ཀྱི་ཉེན་རྟོག་པ་དེ་འཁྲུག་རྩོད་ཁྲོད་བསད་པ་རེད། དབྱི་སི་རལ་གྱི་དམག་དཔུང་གིས་མིག་སྔར་ས་ཁུལ་དེར་སྔོག་བཤེར་འགུལ་སྐྱོད་སྤེལ་ནས། འཇབ་རྒོལ་མཁན་གཞན་པ་དབྱི་སི་རལ་གྱི་མངའ་ཁོངས་སུ་ཡོང་བར་སྔོན་འགོག་བྱས། དབྱི་སི་རལ་ཕྱོགས་ཀྱིས་ཨེ་ཅིབ་དམག་ཕྱོགས་བར་མཉམ་ལས་བྱས་ཏེ་དོན་རྐྱེན་དེར་རྟོག་ཞིབ་བྱེད་བཞིན་ཡོད།
དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཀྲང་ཅཱ་ལན་ཐི་ཡིས་གསལ་སྒྲོག་ཅིག་ལས་བཤད་རྒྱུར། ཁོས་དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་དཔོན་པོ་དང་མཉམ་དུ་དོན་རྐྱེན་དེའི་གནས་ཚུལ་ལ་དཔྱད་འཇོག་བྱས་པ་དང་། དབྱི་སི་རལ་གྱི་དམག་དཔུང་གིས་མུ་མཐུད་དུ་རྟོག་ཞིབ་བྱེད་རྒྱུ་ཡིན་ཟེར།
ཨེ་ཅིབ་དམག་ཕྱོགས་ཀྱིས་ཚེས་གསུམ་ཉིན་གསལ་སྒྲོག་སྤེལ་ཏེ། ཨེ་ཅིབ་ཀྱི་བདེ་འཇགས་མི་སྣ་ཞིག་ཉིན་དེར་ཨེ་ཅིབ་དང་དབྱི་སི་རལ་གྱི་རྒྱལ་མཚམས་ཇེ་འདབས་སུ་དུག་རྫས་ལྡོག་འཚོང་མཁན་འཛིན་བཟུང་བྱེད་སྐབས་དབྱི་སི་རལ་བར་འཁྲུག་རྩོད་བྱུང་སྟེ། དབྱི་སི་རལ་གྱི་དམག་མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་དབྱི་སི་རལ་གྱི་དམག་མི་གཉིས་ལ་རྨས་ཕོག་ཡོད་ཟེར། ཨེ་ཅིབ་ཀྱི་བདེ་འཇགས་མི་སྣ་དེ་ཡང་འཁྲུག་རྩོད་ཁྲོད་རྐྱེན་ལམ་ཤོར་ཡོད་ལ། ཨེ་ཅིབ་དམག་ཕྱོགས་ཀྱིས་དོན་དེར་རྟོག་ཞིབ་བྱས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།