རྒྱ་གར་ནས་མེ་འཁོར་ལྕགས་ལམ་ལས་བརྒལ་ནས་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་བརྒྱད་རྐྱེན་ལམ་དུ་ཤོར།
2023.06.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 47

རྒྱ་གར་དཔོན་ཕྱོགས་ཀྱིས་ཚེས་གསུམ་ཉིན་བདེན་དཔང་བྱས་དོན། ཚེས་གཉིས་ཉིན་གྱི་དགོང་མོར་རྒྱ་གར་ཤར་ཕྱོགས་ཀྱི་ཨོ་ལི་སཱ་མངའ་སྡེ་རུ་མེ་འཁོར་ལྕགས་ལམ་ལས་བརྒལ་ནས་ཐོ་བརྒྱབ་པའི་དོན་རྐྱེན་ལས་མི་ཉིས་བརྒྱ་དང་གྱ་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བརྒྱད་བརྒྱ་ལྷག་ལ་རྨས་ཕོག་ཡོད་ལ། དེའི་ནང་མི་ང་དྲུག་གི་རྨས་སྐྱོན་ཚབས་ཆེན་རེད་ཟེར།

རྒྱ་གར་གྱི་སྨྱན་བྱད་མང་བོས་ཚེས་གསུམ་ཉིན་བསྒྲགས་པ་ལྟར་ན། ཡུལ་དངོས་ཀྱི་རྒུད་སྐྱོབ་བྱ་བ་ཕལ་ཆེར་མཇུག་སྒྲིལ་ཡོད་པ་དང་། གཙང་དག་དང་ཞིག་གསོ་བྱེད་པའི་བྱ་བ་སྤེལ་བཞིན་ཡོད་ལ། ལྕགས་ལམ་ལས་བརྒལ་བའི་འཁོར་སྒམ་དག་གནས་གཞན་དུ་སྤོར་བཞིན་ཡོད་ཟེར།

རྒྱ་གར་གྱི་ཙུང་ལི་མའོ་ཏིས་ཀྱིས་ཚེས་གསུམ་ཉིན་གྱི་ཕྱི་དྲོར་དོན་རྐྱེན་བྱུང་སར་རྟོག་ཞིབ་བྱེད་སྐབས་བསྟན་དོན། དོན་རྐྱེན་དེ་ནི་མི་སེམས་སྐྱོ་བའི་དོན་ཞིག་ཡིན་པ་དང་། སྲིད་གཞུང་གིས་རང་ནུས་ཅི་ལྕོགས་ཀྱིས་རྨས་མར་མཁོ་བའི་གསོ་བཅོས་འདོན་སྤྲོད་བྱེད་དགོས་ལ། དོན་རྐྱེན་དེའི་ཁྲོད་ཉེས་པ་ཡོད་པར་ཐག་བཅད་པའི་མིར་ཆད་གཅོད་ནན་མོ་བྱེད་དགོས་ཟེར།

བསྒྲགས་པ་ལྟར་ན། དོན་རྐྱེན་དེ་ནི་བརྡ་རྟགས་ཆག་སྐྱོན་བྱུང་བ་ལས་བཟོས་པ་ཡིན་ལ། རྒྱ་གར་སྲིད་གཞུང་གིས་ལྕགས་ལམ་པུའུ་མ་གཏོགས་པའི་བདེ་འཇགས་ཆེད་དོན་པ་མངག་ནས་ཕྱོགས་གསུམ་པའི་སྒེར་ཚུགས་རྟོག་ཞིབ་བྱེད་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།