ཨིག་ཀྭ་ཏོར་གྱི་ཙུང་ཐུང་གིས་ད་ལོའི་ཟླ་བརྒྱད་པའི་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་ལ་ཞུགས་རྒྱུ་མིན་པ་ཁྱབ་བསྒྲགས་བྱས།
2023.06.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

ཨིག་ཀྭ་ཏོར་གྱི་ཙུང་ཐུང་ལཱ་སོ་ཡིས་ཚེས་གཉིས་ཉིན་ཁྱབ་བསྒྲགས་བྱས་དོན། འདེམ་སྒུག་པའི་ཚུལ་དུ་ད་ལོའི་ཟླ་བརྒྱད་པའི་ཚེས་ཉི་ཤུ་ཉིན་སྔ་སྣུར་གྱིས་སྤེལ་རྒྱུ་ཡིན་པའི་ཨིག་ཀྭ་ཏོར་གྱི་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་ལ་ཞུགས་མི་སྲིད་ཟེར།

ལཱ་སོ་ཡིས་ཉིན་དེར་གསར་འགྱུར་སྨྱན་བྱད་ལ་གཏམ་བཤད་སྤེལ་ཏེ། བསམ་བློ་ཡང་ཡང་བཏང་བ་བརྒྱུད། ཁོས་རང་ཐེངས་འདིའི་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་ལ་ཞུགས་རྒྱུ་མིན་པ་དང་། རྒྱུ་མཚན་ནི་མིག་སྔར་རྒྱལ་ཁབ་སྔར་བཞིན་འགྲན་རྩོད་མང་བོར་འཕྲད་ཡོད་པས་དེ་དག་ཐག་གཅོད་བྱེད་དགོས་པ་དང་། དམིགས་འབེན་མང་བོ་ད་རུང་ཡོང་འགྲུབ་བྱས་མེད། དུས་རིམ་འདིར་མི་དམངས་ལ་ཞབས་འདེགས་ཞུ་བ་དེ་འགྲན་རྩོད་བྱ་འགུལ་དང་བསྡུར་ན་ལྷག་ཏུ་དོན་སྙིང་ལྡན་ཟེར། ལཱ་སོ་ཡིས་སུས་སྲིད་འཛིན་ཏང་གསར་གཏོད་གོ་སྐབས་འགུལ་སྐྱོད་ཀྱི་ཚབ་བྱས་ཏེ་ཐེངས་འདིའི་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་ནང་ཞུགས་རྒྱུ་ཡིན་པ་གསལ་བོར་བཤད་མེད།

ཨིག་ཀྭ་ཏོར་རྒྱལ་ཡོངས་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཟླ་ལྔ་བའི་ཚེས་ཉེར་བཞི་ཉིན་ཁྱབ་བསྒྲགས་བྱས་དོན། ཨིག་ཀྭ་ཏོར་གྱི་ཙུང་ཐུང་དང་གྲོས་ཁང་བཅས་ཀྱི་འདེམ་བསྐོའི་བྱ་འགུལ་དེ་ད་ལོའི་ཟླ་བརྒྱད་པའི་ཚེས་ཉི་ཤུ་ཉིན་སྔ་སྣུར་གྱིས་སྤེལ་རྒྱུ་ཡིན་པ་དང་། ཙུང་ཐུང་དང་ཙུང་ཐུང་གཞོན་པ། གྲོས་ཁང་གི་གྲོས་མི་བརྒྱ་དང་སོ་བདུན་འདེམ་བསྐོ་བྱེད་རྒྱུ་ཡིན་ལ། འགན་ཡུན་ཉིས་སྟོང་ཉེར་ལྔ་ལོའི་བར་ཡིན།


བསོད་ནམས་ཚེ་རིང་གིས་བསྒྱུར།