བདེ་བླག་ངང་བསྟུད་འགན་ཁུར་བའི་ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཚེས་གསུམ་ཉིན་རྒྱལ་ས་ཨན་ཁཱ་ལཱ་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར་བར་མ་ཟད། སྐབས་གསར་བའི་སྲིད་འཛིན་ལས་ཁུངས་ཀྱི་ཁོངས་མིའི་མིང་ཐོ་ཁྱབ་བསྒྲགས་བྱས།
ཨེ་ཨར་ཏའོ་ཨན་གྱིས་ཉིན་དེར་ཐུར་ཁེའི་རྒྱལ་དམངས་གྲོས་ཁང་ནས་དམ་བཅའ་བཞག་པ་དང་། ཐུར་ཁེའི་ཡབ་རྒྱལ་བོ་ཁའེ་མའོ་ཨར་གྱི་བང་སོར་མེ་ཏོག་གི་ཕྲེང་བ་ཕུལ། ཨེ་ཨར་ཏའོ་ཨན་དེའི་རྗེས་སུ་ཙུང་ཐུང་བཞུགས་ཤག་ཏུ་སོང་ནས་ལས་འགན་ཁུར་བའི་མཛད་སྒོ་སྤེལ་བ་དང་། མཛད་སྒོའི་སྟེང་ཐུར་ཁེ་ལ་སྔོན་ཆད་ཀྱི་དུས་སྐབས་གང་ལས་ཀྱང་ལྷག་ཏུ་མཐུན་སྒྲིལ་མཁོ་བའི་ཚུལ་བསྟན་པར་མ་ཟད། འགན་ཡུན་གསར་བའི་ནང་ཐུར་ཁེ་ཡིས་རྩ་ཁྲིམས་གསར་བ་ཞིག་གཏན་འབེབས་བྱེད་རྒྱུ་ཁས་ལེན་བྱས།
ཉིན་དེའི་དགོང་མོར། ཨེ་ཨར་ཏའོ་ཨན་གྱིས་ཙུང་ཐུང་བཞུགས་ཤག་ནས་གསར་འགོད་པའི་སྣེ་ལེན་ཚོགས་འདུ་བསྡུས་ཏེ། སྐབས་གསར་བའི་སྲིད་འཛིན་ལས་ཁུངས་ཀྱི་ཁོངས་མིའི་མིང་ཐོ་ཁྱབ་བསྒྲགས་བྱས། སྲིད་འཛིན་ལས་ཁུངས་གསར་བའི་ཁོངས་མི་ཙུང་ཐུང་དང་། ཙུང་ཐུང་གཞོན་པ་གཅིག པུའུ་ཀྲང་བཅུ་བདུན་བཅས་ཀྱིས་གྲུབ་ཡོད། སྲིད་འཛིན་ལས་ཁུངས་གསར་བའི་ནང་སྔོན་ཆད་ཀྱི་འཕྲོད་བསྟེན་པུའུ་ཀྲང་དང་། རིག་གནས་དང་ཡུལ་སྐོར་པུའུ་ཀྲང་སོར་འཇོག་བྱས་ཡོད་པ་ལས་ཁོངས་མི་གཞན་པ་ཚང་མ་བརྗེ་སྤོར་བྱས་ཡོད། སྲིད་འཛིན་ལས་ཁུངས་གསར་བའི་ཁོངས་མིའི་ཁྲོད། ཡེ་ཨར་མཱ་ཙི་ཡིས་ཙུང་ཐུང་གཞོན་པའི་འགན་ཁུར་བ་དང་། ཧྥེ་ཏན་གྱིས་ཕྱི་འབྲེལ་པུའུ་ཀྲང་གི་འགན་ཁུར་བ། ཅུའུ་ལའེ་ཨར་གྱིས་རྒྱལ་སྲུང་པུའུ་ཀྲང་གི་འགན་ཁུར་བ། ཞེ་མུའུ་ཞེ་ཁི་ཡིས་ནོར་སྲིད་པུའུ་ཀྲང་གི་འགན་ཁུར་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།