འདི་ནི་ཟླ་དྲུག་པའི་ཚེས་གཉིས་ཉིན་ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་བླངས་པའི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཡུལ་དངོས་ཀྱི་རྣམ་པ་རེད།
མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཟླ་དྲུག་པའི་ཚེས་གཉིས་ཉིན་གྲོས་ཆོད་གཉིས་དྲུག་བརྒྱད་ལྔར་གཅིག་གྱུར་གྲོས་འཆམ་བྱུང་སྟེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སུའུ་ཏན་བར་བརྒལ་སྲིད་གཞུང་དུས་སྐབས་ཀྱི་ཕྱོགས་བསྡུས་རོགས་སྐྱོར་ཚོགས་པའི་འགན་ཡུན་དེ་ད་ལོའི་ཟླ་བཅུ་གཉིས་པའི་ཚེས་གསུམ་བར་ཇེ་རིང་དུ་གཏོང་རྒྱུ་ཐག་བཅད་ཡོད་ཟེར།
གྲོས་ཆོད་ཀྱི་རེ་བ་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ངེས་པར་དུ་ཉིན་དགུ་བཅུའི་ནང་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སུའུ་ཏན་བར་བརྒལ་དུས་སྐབས་ཀྱི་ཕྱོགས་བསྡུས་རོགས་སྐྱོར་ཚོགས་པའི་བྱ་བའི་ལག་བསྟར་གནས་ཚུལ་སྙན་ཞུ་བྱེད་དགོས་པ་དང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་གཅིག་གྱུར་སྒོས་བལྟས་ན། རོགས་སྐྱོར་ཚོགས་པ་དེའི་འགན་ཡུན་ཇེ་རིང་དུ་བཏང་བར་དོན་སྙིང་གལ་ཆེན་ལྡན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སུའུ་ཏན་གྱི་མདུན་དུ་ལྷགས་པའི་རྙོག་འཛིང་གི་གནས་བབ་ཐག་གཅོད་བྱེད་པའི་འགྲན་རྩོད་མཐུན་སྦྱོར་བྱེད་པར་ཕན་ཐོགས་ཡོད།
བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཉིས་ལྔ་གཉིས་བཞི་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སུའུ་ཏན་བར་བརྒལ་དུས་སྐབས་ཀྱི་ཕྱོགས་བསྡུས་རོགས་སྐྱོར་ཚོགས་པ་དེ་ཉིས་སྟོང་ཉི་ཤུ་ལོའི་ཟླ་དྲུག་པར་བཙུགས་པ་དང་། སྤྱི་ཁྱབ་པུའུ་ཁཱ་ཐུའུ་མུའུ་རུ་བཙུགས་ཡོད་ལ། དེའི་ལས་འགན་ནི་སུའུ་ཏན་གྱི་ཆབ་སྲིད་བར་བརྒལ་དུས་སྐབས་ལ་རོགས་འདེགས་བྱས་ཏེ། རྩ་ཁྲིམས་རྩོམ་འབྲི་བྱེད་པ་དང་མི་གྲངས་ཁྱབ་ཞིབ་བྱེད་པ། འདེམ་བསྐོའི་བྱ་འགུལ་བཅས་ལ་ལག་རྩལ་གྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་པ་དང་། སུའུ་ཏན་གྱི་ཞི་བདེའི་འཕེལ་རིམ་ལ་སྐུལ་འདེད་གཏོང་རོགས་བྱེད་པ། ཞི་བདེ་དང་ཁྲིམས་སྐྱོང་འཛུགས་རོགས་བྱས་ནས་མི་སེར་དཀྱུས་མར་སྲུང་སྐྱོབ་བྱེད་པ། ཕྱོགས་སོ་སོར་སྐུལ་སློང་བྱས་ནས་སུའུ་ཏན་ལ་རོགས་སྐྱོར་བྱེད་པ་དང་། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ལ་མཐུན་སྦྱོར་བྱེད་པ་སོགས་འདུས།
བསོད་ནམས་ཚེ་རིང་གིས་བསྒྱུར།