དབྱི་ལིང་གིས་སོ་ཏི་ཨ་རབ་སོགས་མཚོ་ཁུགས་རྒྱལ་ཁབ་དག་དང་མཉམ་དུ་མཚོ་དམག་མནའ་འབྲེལ་འཛུགས་རྩིས་ཡོད།
2023.06.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

དབྱི་ལིང་གསར་འགྱུར་ལས་རིགས་ཀྱིས་ཚེས་གསུམ་ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་གིས་སོ་ཏི་ཨ་རབ་སོགས་ཧིན་རྡུ་རྒྱ་མཚོའི་བྱང་འགྲམ་གྱི་རྒྱལ་ཁབ་དག་དང་མཉམ་དུ་མཚོ་དམག་མནའ་འབྲེལ་རྩ་འཛུགས་བྱས་ཏེ། ས་ཁོངས་ཀྱི་ཞི་བདེ་དང་གཏན་འཇགས་ལ་འགན་སྲུང་བྱེད་རྩིས་ཡོད་ཟེར།

དབྱི་ལིང་ཐཱ་སི་ནེ་མུའུ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། དབྱི་ལིང་མཚོ་དམག་གི་དམག་སྤྱི་དབྱེ་ལཱ་ནེ་ཡིས་ཚེས་གཉིས་ཉིན་གྱི་དགོང་མོར་བརྙན་འཕྲིན་གྱི་ལེ་ཚན་ཞིག་ཏུ་བཤད་རྒྱུར། མཚོ་ཁུགས་རྒྱལ་ཁབ་ཁྲོད། ཨ་མན་དང་དབྱི་ལིང་གིས་སྔོན་ཆད་མཉམ་འབྲེལ་གྱི་མཚོ་དམག་དམག་དོན་སྦྱོང་བརྡར་ཐེངས་མང་སྤེལ་མྱོང་བ་དང་། སོ་ཏི་ཨ་རབ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། ཁཱ་ཐར། པཱ་ལིན། དབྱི་རག་སོགས་རྒྱལ་ཁབ་ཀྱིས་ཀྱང་ད་ལྟ་དབྱི་ལིང་བར་མཚོ་ཐོག་གི་དམག་དོན་མཉམ་ལས་སྤེལ་བའི་རེ་བ་བཅངས་ཡོད། དེ་ལས་གཞན་རྒྱ་གར་དང་ཕཱ་ཁི་སི་ཐན་གྱིས་ཀྱང་རྩ་འཛུགས་བྱེད་རྩིས་ཡོད་པའི་མཚོ་དམག་མནའ་འབྲེལ་ནང་ཞུགས་རྒྱུ་རེད་ཟེར།

དབྱེ་ལཱ་ནེ་ཡིས་བཤད་རྒྱུར། ཅང་མ་འགོར་བའི་རྗེས་སུ་ང་ཚོས་ས་ཁོངས་དེར་ཁྲིམས་མཐུན་དབང་བསྩལ་གྱི་དམག་དཔུང་སྣང་ཚུལ་ལས་ཐར་ནས། རང་ཉིད་ཀྱི་དམག་ཤུགས་ཀྱིས་ས་ཁོངས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དངོས་སུ་མཐོང་ཐུབ་ཟེར།

འབྲེལ་ཡོད་རྒྱལ་ཁབ་ཀྱིས་དབྱི་ལིང་ཕྱོགས་ཀྱི་མཚོ་དམག་མནའ་འབྲེལ་མཉམ་འཛུགས་བྱེད་པའི་སྐོར་གྱི་བཤད་ཚུལ་དེར་བདེན་དཔང་བྱས་མེད།

ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཡིས་ཟླ་ལྔ་བའི་ཚེས་སོ་གཅིག་ཉིན་སྤེལ་བའི་གསལ་སྒྲོག་ལྟར་ན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཟླ་ངོ་གཉིས་ཀྱི་ཡར་སྔོན་ཨ་མེ་རི་ཁ་གཙོ་བྱས་པའི་མཉམ་འབྲེལ་མཚོ་ཐོག་སྟོབས་ཤུགས་ལས་ཕྱིར་བུད་ཡོད་ཟེར།

མཉམ་འབྲེལ་མཚོ་ཐོག་སྟོབས་ཤུགས་ནི་ཉིས་སྟོང་གཅིག་ལོར་བཙུགས་པ་དང་། ད་ལྟ་རྒྱལ་ཁབ་སོ་བརྒྱད་ཀྱི་མཚོ་དམག་གྲུ་གཟིངས་ཀྱིས་གྲུབ་ཡོད། ཨ་མེ་རི་ཁའི་མཚོ་དམག་གི་ཀྲུང་དབྱང་དམག་སྤྱི་ཁང་གི་དམག་སྤྱིའམ་གྲུ་གཟིངས་རུ་ཁག་ལྔ་བའི་དམག་སྤྱི་ཁང་གིས་བཀོད་འདོམ་བྱེད་བཞིན་ཡོད་ལ། སྤྱི་ཁྱབ་པུའུ་གྲུ་གཟིངས་རུ་ཁག་ལྔ་བའི་སྤྱི་ཁྱབ་པུའུ་ཡོད་སའི་པཱ་ལིན་དུ་བཙུགས་ཡོད།

ཉེ་བའི་ལོ་འགའི་རིང་ལ། དབྱི་ལིང་དང་མཚོ་ཁུགས་ཨ་རབ་རྒྱལ་ཁབ་བར་གྱི་འབྲེལ་བ་མངོན་གསལ་གྱིས་ཇེ་བཟང་དུ་སོང་ཡོད་ཅིང་། ན་ནིང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བར་གྱི་ཕྱི་ཕྱོགས་འབྲེལ་བ་སླར་གསོ་བྱས་པའི་རྗེས་སུ། དབྱི་ལིང་དང་སོ་ཏི་ཨ་རབ་ཀྱིས་ཟླ་བཞི་བའི་ཚེས་དྲུག་ཉིན་ཉིས་སྟོང་བཅུ་དྲུག་ལོར་འབྲེལ་ཐག་ཆད་པའི་ཕྱི་ཕྱོགས་འབྲེལ་བ་སླར་གསོ་བྱས་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།