ཧིན་རྡུ་ཉི་ཞི་ཡཱའི་མཱ་ལུའུ་ཀུའུ་ཞིང་ཆེན་ཉེ་འདབས་ཀྱི་མཚོ་ཁོངས་སུ་ཚེས་བཞི་ཉིན་ཚད་རིམ་དྲུག་གི་ས་ཡོམ་བྱུང་བ་དང་། མིག་སྔར་མི་སྣར་ཤི་རྨས་དང་རྒྱུ་ནོར་གྱོང་གུད་བྱུང་བའི་སྙན་ཞུ་བསྒྲགས་མེད།
ཧིན་རྡུ་ཉི་ཞི་ཡཱའི་གནམ་གཤིས་དང་ནམ་ཟླ། སའི་གོ་ལོའི་དངོས་ལུགས་ཅུའུ་དྲ་ཚིགས་ཀྱིས་བསྒྲགས་པ་ལྟར་ན། ས་ཡོམ་ནི་ས་དེའི་དུས་ཚོད་བདུན་དང་སྐར་མ་ཉེར་ལྔའི་སྟེང་བྱུང་བ་དང་། ས་ཡོམ་བྱུང་ས་གཙོ་བོ་ནི་མཱ་ལུའུ་ཀུའུ་ཞིང་ཆེན་ལྷོ་ནུབ་ཕྱོགས་ཀྱི་མཱ་ལུའུ་ཀུའུ་རྫོང་གི་བྱང་ཤར་གྱི་མཚོ་ཁོས་ཡིན་པ་དང་། རྒྱལ་ས་ཡཱ་ཅཱ་ཏཱའི་བར་སྤྱི་ལེ་སྟོང་གཉིས་དང་དྲུག་བརྒྱ་ཡོད་ལ། ས་ཡོམ་གྱི་གཏིང་ཚད་ལ་སྤྱི་ལེ་བརྒྱ་དང་ང་གསུམ་ཡོད་ཟེར།
ཧིན་རྡུ་ཉི་ཞི་ཡཱའི་གནམ་གཤིས་དང་ནམ་ཟླ། སའི་གོ་ལོའི་དངོས་ལུགས་ཅུའུ་ཡི་ཟིན་ཐོ་ལྟར་ན། ས་ཡོམ་བྱུང་ས་གཙོ་བོ་དང་ཅུང་ཉེ་བའི་གླིང་ཕྲན་དང་གྲོང་རྡལ་དུ་ས་ཡོམ་གྱི་ཚོར་སྣང་ཅུང་ཙམ་བྱུང་ཡོད། ཅུའུ་དེས་ཐེངས་འདིའི་ས་ཡོམ་ལས་རྒྱ་མཚོ་འཕྱུར་བའི་ཉེན་བརྡ་བཏང་མེད་ཀྱང་། ས་ཡོམ་བྱུང་ས་གཙོ་བོའི་ཉེ་འདབས་སུ་ས་ཡོམ་ཆུང་བ་འབྱུང་སྲིད་པའི་ཉེན་བརྡ་བཏང་བར་མ་ཟད། སྡོད་དམངས་དག་གིས་དོགས་ཟོན་མཐོར་འདེགས་བྱེད་དགོས་པའི་གསལ་འདེབས་བྱས་ཡོད།
གཞན་ཡང་ཨ་མེ་རི་ཁའི་ས་གཤིས་རྟོག་དཔྱོད་ཅུའུ་ས་ཡོམ་བརྡ་འཕྲིན་དྲ་བས་བསྒྲགས་པ་ལྟར་ན། ཐེངས་འདིའི་ས་ཡོམ་གྱི་རིམ་པ་ལྔ་དང་གྲངས་ཆུང་གཉིས་ཡིན་པ་དང་། ས་ཡོམ་གྱི་གཏིང་ཚད་ལ་སྤྱི་ལེ་བརྒྱ་དང་བཅུ་གསུམ་ལྷག་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།