ནེ་ཀྲི་རི་ཡཱའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་བཞི་ཉིན་བཤད་རྒྱུར། ནེ་ཀྲི་རི་ཡཱའི་ནུབ་བྱང་ཕྱོགས་ཀྱི་སོ་ཁི་ཐའོ་མངའ་སྡེའི་སྡེ་བ་འགར་ཚེས་གསུམ་ཉིན་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་སྡེ་མི་སུམ་ཅུ་རྐྱེན་ལམ་དུ་ཤོར།
སོ་ཁི་ཐའོ་མངའ་སྡེའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་བཞི་ཉིན་སྤེལ་བའི་གསལ་སྒྲོག་ལྟར་ན། འདས་པོ་ཚང་མ་མངའ་སྡེ་དེའི་ཐཱན་ཅཱ་ཀྲ་ས་ཁུལ་གྱི་དམངས་དམག་རྩ་འཛུགས་ཤིག་གི་ཁོངས་མི་ཡིན་པ་དང་། རྩ་འཛུགས་དེས་ཚེས་གསུམ་ཉིན་ཐཱན་ཅཱ་ཀྲ་ས་ཁུལ་གྱི་འབྲོག་དམངས་ཀྱིས་གྲུབ་པའི་སྡེ་ཁུལ་ཞིག་ཏུ་མི་མངག་ནས་བདེ་འཇགས་ཉེན་བརྡའི་བྱ་འགུལ་སྤེལ། དེའི་སྐབས་སུ་འབྲོག་དམངས་ལ་གཅར་རྡུང་བྱེད་པའི་བྱ་སྤྱོད་བྱུང་བ་དང་། དོན་དེར་འབྲེལ་བའི་དམངས་དམག་ཁྱིམ་དུ་ལོག་རྗེས། ཁོ་ཚོ་ཡོད་སའི་སྡེ་བར་འབྲོག་དམངས་ཀྱིས་བསྡུས་པར་དོགས་གཞི་ཡོད་པའི་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས་པ་རེད།
བསྟུད་མར་ཟླ་འགའི་རིང་ལ། ནེ་ཀྲི་རི་ཡཱའི་ས་ཁུལ་མང་བོར་བསྟུད་མར་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས་ནས། མི་སྣ་མང་བོར་ཤི་རྨས་ཐེབས་པའམ་བཙན་ཁྲིད་བྱེད་པའི་དོན་རྐྱེན་བྱུང་།
བསོད་ནམས་ཚེ་རིང་གིས་བསྒྱུར།